Friday 21 March 2014

ཨ་ལད་པད་ཀོ་དང་། རྒྱ་སེ་དཀར་པོ།

༼ཨ་ལད་པད་ཀོ་དང་། རྒྱ་སེ་དཀར་པོ།༽ ࿉ཨ་ལད་པད་ཀོ་ནི་དབུས་སྐད་ཀྱི་ནང་དུ་རྩེད་ཆས་ཀྱི་ཆེད་དུ་འགྱིག་སོགས་ཀྱིས་ བཟོས་པའི་མིའམ་ཕྲུ་གུའི་འདྲ་གཟུགས། ང་རང་ཊར་གྷེཊ་(Target company ཞེས་པ་ཨ་རིའི་ནང་སྐད་གྲགས་ཆེ་བའི་ཁེ་གཉེར་བཟོ་གྲྭ་ཞིག)བཟོ་གྲྭའི་སྣ་འཛོམས་ ཚོང་ཁང་ལ་འགྲོ་བཞིན་པའི་སྐབས་དངུལ་གཉེར་བ་ཞིག་གིས་བུ་ཆུང་ལོ་ལྔ་དྲུག་ལ་ལོན་ ཙམ་ཞིག་གི་ལག་ཏུ་སྒོར་རྡོག་འགའ་ཕྱིར་སྤྲོད་བྱེད་པ་མཐོང་བྱུང་། དངུལ་གཉེར་པས། "དགོངས་དག ཁྱོད་ལ་ཨ་ལད་པད་ཀོ་འདི་ཉོ་བར་དངུལ་འདང་རྒྱུ་མ་རེད" བཤད་པ་དང་བུ་ཆུང་དེས། ཁོ་རང་གི་འགྲམ་དུ་ཡོད་པའི་རྒན་མོའི་ཕྱོགས་སུ་ཁ་འཁོར་ཏེ་ "རྨོ་ལགས། ཁྱེད་ཀྱིས་ང་ལ་དངུལ་འདང་ངེས་མེད་པ་གཏན་ཁེལ་བྱེད་ཐུབ་བམ།" འདྲི་དུས། "སྙིང་རྗེ། བུ་ཆུང་ཁྱོད་ལ་རྩེད་ཆས་འདི་ཉོ་བར་དངུལ་འདང་ས་མེད་པ་ཤེས་པར་གྱིས་ལོ།" ཞེས་རྒད་མོ་དེས་ལན་བཏབས་ནས་ཁོར་སྐར་མ་ལྔ་ཙམ་སྒུག་ཏུ་བཅུག དེའི་རིང་མོ་རང་ལྟ་སྐོར་ཞིག་བྱས་ཏེ་ལམ་སང་ཕྱིན་སོང་། བུ་ཆུང་གིས་ད་དུང་ཡང་ལག་ཏུ་ཨ་ལད་པད་ཀོ་ཞིག་བཟུང་ནས་བསྡད་འདུག མཐའ་མར་ང་རང་ཁོའི་ཉེ་འགྲམ་ལ་ཕྱིན་ཏེ། ཁོར་རྩེད་ཆས་དེ་སུ་ལ་སྤྲད་འདོད་ཡོད་སྐོར་དྲིས་པས། ཁོས་ "འདི་ངའི་གཅུང་མོས་དགའ་ཤོས་བྱེད་སའི་རྩེད་ཆས་རེད། མོས་ཡེ་ཤུའི་འཁྲུངས་སྐར་ཉིན་དགོས་འདོད་ཧ་ཅང་བྱེད་ཀྱི་འདུག་པས་ཕལ་ཆེར་བགྲེས་ སོང་རྔན་ཁུར(Santa Clausགཏམ་རྒྱུད་དུ་གྲགས་པའི་ཡེ་ཤུའི་འཁྲུངས་སྐར་ཉིན་མོ་ཕྲུ་གུ་ཚོར་རྔན་པ་ ཁྱེར་ཡོང་བར་ཡིད་ཆེས་བྱེད་པའི་འཆར་སྣང་གི་བགྲེས་སོང་ཞིག)་ལགས་ཀྱིས་མོའི་ ཆེད་དུ་བསྣམ་ཕེབས་ངེས་རེད།" ཅེས་སྨྲས་བྱུང་། དེ་ལྟར་ཡིན་ན་བགྲེས་སོང་རྔན་ཁུར་གྱིས་མོ་ལ་རྩེད་ཆས་དེ་ཁྱེར་ཡོང་ངེས་པས་ སེམས་ཁྲལ་བྱེད་མི་དགོས་ཚུལ་བཤད་པས། ཁོས་སེམས་སྐྱོ་བའི་ཉམས་དང་བཅས་ "མ་རེད། ད་ཆ་མོ་ལ་བགྲེས་སོང་གིས་རྩེད་ཆས་འདི་གནང་ཐུབ་ཀྱི་མ་རེད། ཨ་མ་ལགས་གནས་དེར་ཕེབས་རྒྱུ་ཡིན་ཙང་། ཁོང་གི་ཕྱག་ཏུ་བསྐུར་ན་སྤྲད་ཐུབ་ཀྱི་རེད།" ཟེར། ཁོས་སྐད་ཆ་འདི་དག་ཤོད་དུས་མིག་ཟུང་སྐྱོ་བས་ཁེངས་ཤིང་། "ངའི་གཅུང་མོ་ལྷ་ཡུལ་ལ་ཕྱིན་སོང་། ཨ་ཕས་གསུངས་པ་ལྟར་ན་ཨ་མ་ཡང་ལྷ་ཡུལ་དུ་མགྱོགས་པོར་ཕེབས་རྒྱུ་རེད་ཟེར། བྱས་ཙང་ཨ་ལད་པད་ཀོ་འདི་བསྣམ་ནས་གཅུང་མོར་སྤྲོད་ཐུབ་ཀྱི་རེད་བསམ་བྱུང་།" སྐབས་དེར་ངའི་སྙིང་གི་འཕར་མཚམས་འགག་ལ་ཁད་བྱས་བྱུང་། བུ་ཆུང་དེས་ང་ལ་ཡར་བལྟས་ཏེ "ངས་ཨ་ཕ་ལ་ཨ་མ་ལགས་ད་དུང་མ་ཕེབས་གསུང་རོགས་ཞུས་པ་ཡིན། ང་སྣ་འཛོམས་ཚོང་ཁང་ནས་ཕྱིར་ཐོན་རག་བར་དུ་ཨ་མས་བསྒུག་གནང་གི་རེད།" ལབ་ཏེ་དེ་ནས་ཁོ་རང་གད་མོ་གད་བཞིན་པའི་འདྲ་པར་སྙིང་རྗེ་མོ་ཞིག་ངར་བསྟན་ཏེ་ "ཨ་མ་ལགས་ངེད་གཉིས་མཉམ་དུ་འདྲ་པར་བླངས་ཡོད་ན་ཅི་མ་རུང་། དེ་འདྲ་གནང་ཡོད་ཚེ་ཁོང་གིས་ང་དྲན་པ་བརྗེད་ཀྱི་མ་རེད།" "ང་རང་ཨ་མར་བརྩེ་བ་ལྷག་པར་ཡོད། ངའི་རེ་བ་ལ་ཁོང་གིས་ང་གཡུག་ནས་མ་ཕེབས་ན་ཅི་མ་རུང་། ཡིན་ནའང་ཨ་ཕས་གསུངས་གསལ་ལ་ཁོང་གཅུང་མོ་དང་མཉམ་དུ་བཞུགས་པར་ཅིས་ཀྱང་ཕེབས་ དགོས་རེད་ཟེར།" ཞེས་བཤད་ནས་ཁུ་སིམ་མེར་ཡང་སྐྱར་མིག་ཟུང་སྐྱོ་ལྷང་ལྷང་གིས་རྩེད་ཆས་ལ་བལྟས་ སོང་། ངས་ལམ་སང་རང་གི་དངུལ་ཁུག་ལ་ལག་པས་རེག་སྟེ། "གཅིག་བྱས་ན་ཁྱོད་ལ་སྒོར་མོ་འདང་ངེས་ཡོད་སྲིད་པས་ཡང་སྐྱར་ཐེངས་གཅིག་འུ་ གཉིས་ཀྱིས་རྩིའམ།" བཤད་པས་ཁོས་ངོས་ལེན་བྱས་སོང་། "ཕལ་ཆེར་དངུལ་འདང་བར་ཤོག" དེ་ནས་ངས་ཁོས་མ་མཐོང་པ་བྱས་ཏེ་དངུལ་སྣོན་པ་བརྒྱབས་ ནས་དངུལ་གྲངས་བརྩིས་པས། རྩེད་ཆས་དེ་ཉོ་རྒྱུའི་དངུལ་འདང་ངེས་བྱུང་པ་མ་ཚད་ད་དུང་ལྷག་མ་ཡང་འདུག བུ་ཆུང་གིས་ "ལྷས་ང་ལ་སྒོར་མོ་འདང་ངེས་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ།" ལབ་ནས་ངར་བལྟས་ཏེ་ཡང་སྐྱར "ཨ་མས་གཅུང་མོ་ལ་ཨ་ལད་པད་ཀོ་བསྣམ་ཐུབ་པས་ངས་ཁ་སང་དགོང་མོ་མ་ཉལ་སྔོན། ང་ལ་ཨ་ལ་པད་ཀོ་ཉོ་རྒྱུའི་དངུལ་འདང་ངེས་རག་པའི་ལྷ་ལ་ཞུ་བ་འཐེན་པ་ཡིན།" "ངོ་མ་ཡིན། ལྷས་གསན་གནང་བཞག ད་དུང་ཨ་མའི་ཆེད་དུ་རྒྱ་སེ་མེ་ཏོག་དཀར་པོ་ཞིག་ཀྱང་ཉོ་འདོད་པས་དངུལ་མེད། ཡིན་ནའང་ལྷ་ལ་ཞུ་ཕོད་མ་སོང་། རེད་དེ་དེ་རིང་ལྷ་ཡིས་ང་ལ་རྩེད་ཆས་དང་རྒྱ་སེ་མེ་ཏོག་གཉིས་ཀ་ཉོ་རྒྱུའི་དངུལ་ གནང་འདུག" "ཨ་མ་ལགས་རྒྱ་སེ་དཀར་པོ་ལ་ཧ་ཅང་མཉེས་པོ་གནང་གི་རེད།"ཟེར། སྐར་མ་འགའ་ཤས་རྗེས་སུ་རྒན་མོ་དེ་ཕྱིར་སླེབས་བྱུང་། ང་རང་ཁུར་རྩ་ཁྱེར་ཏེ་ས་ཆ་དེ་ནས་ཕྱིན་པ་ཡིན། ངས་རྒྱ་ཆེ་བའི་སྣ་འཛོམས་ཚོང་ཁང་དེ་རུ་ཉོ་ཆ་རྒྱག་གིན་རྒྱག་གིན་ཐོག་མར་འགོ་ འཛུགས་སའི་ཚོང་མཛོད་ལས་རྦད་དེ་ཐ་དད་པའི་ཚོང་མཛོད་ཅིག་ལ་སླེབས་སྐབས་ཉོ་ཆ་ རྒྱག་རྒྱུ་མཇུག་བསྒྲིལ་པར་བྱས། འོན་ཀྱང་བུ་ཆུང་དེ་བསམ་པའི་ངོས་ནས་རྦད་དེ་ཡལ་ཐབས་མ་བྱུང་། སྐབས་དེའི་གོང་གི་ཉི་མ་གཉིས་ཙམ་ལ་ས་གནས་གསར་ཤོག་སྟེང་དུ་འཁོད་པའི་རྩོམ་ཡིག་ ཅིག་བཀླགས་པ་དེ་སེམས་ལ་ཤར་བྱུང་། རྩོམ་དེའི་ནང་དོས་སྐྱེལ་རླངས་འཁོར་ཁ་ལོ་བ་ར་བཟི་ཞིག་གིས་ཨ་མ་ལོ་གཞོན་ཞིག་ དང་བུ་མོ་ལོ་ཆུང་ཅན་གྱི་རླངས་འཁོར་ཆུང་བ་ཞིག་ལ་གདོང་གཏུགས་རྒྱབས་ཏེ། བུ་མོ་དེ་དེ་ག་རང་ལ་རྐྱེན་འདས་སུ་གྱུར་ཞིང་ཨ་མ་དེ་ཛ་དྲག་གི་གནས་སྟངས་ལ་ ལྷུང་ཡོད་ཚུལ་འདུག ད་དུང་བུད་མེད་ན་གཞོན་དེ་དྲན་པ་རྩ་ཐོར་ཕྱིན་པ་ལས་དྲག་སྐྱེད་ཡོང་མི་ཐུབ་པར་ གྱུར་པས། ཁྱིམ་ཚང་དེས་སྲོག་སྲིང་བྱེད་འཕྲུལ་ཆས་ཀྱི་གློག་སྐུད་འཐེན་མི་འཐེན་ཐག་གཅོད་ བྱེད་རྒྱུར་འགགས་བསྡད་ཡོད་ཚུལ་འདུག འོ་ན་བུ་ཆུང་དེ་ཁྱིམ་ཚང་དེའི་ནང་མི་ཡིན་ནམ། ངེད་གཉིས་ཐུག་ནས་ཉིན་གཉིས་འདས་པའི་རྗེས་སུ་གསར་ཤོག་ཐོག་ལ་བུད་མེད་ན་གཞོན་མ་ དེ་ཚེ་མ་ཟིན་པའི་སྐོར་འཁོད་འདུག་པས། ངས་རང་ཉིད་འགོག་མ་ཐུབ་པར་ལམ་སང་རྒྱ་སེ་དཀར་པོ་ཆག་པ་གཅིག་ཉོས་ནས་བུད་མེད་ དེའི་དུར་འཇུག་ཁང་ལ་ཕྱིན་པ་ཡིན། དེ་གར་མི་དམངས་འཛོམས་སར་མོ་ལ་ཆེས་མཐའ་མཇུག་གི་ཐུག་འཕྲད་དང་སྨོན་ལམ་འདེབས་ རྒྱུའི་ཆེད་དུ་ཕུང་པོ་བཤམས་སྟོན་བྱས་འདུག ལག་པར་རྒྱ་སེ་དཀར་པོ་སྙིང་རྗེ་མོ་ཞིག་དང་བུ་ཆུང་དེའི་འདྲ་པར་བཟུང་ཞིང་། བྲང་ཁོག་སྒང་ལ་ཨ་ལད་པད་ཀོ་དེ་བཞག་ནས་པུར་སྒམ་ནང་དུ་ཡོད་པའི་བུད་མེད་ལོ་ཆུང་ དེ་ནི་ཁོ་མོ་རེད། དེ་ལྟར་ཉིན་མོ་དེར་ང་རང་མིག་ཟུང་མཆི་མས་གང་སྟེ་ས་དེ་ནས་བྲལ་པ་ཡིན། གནས་ཚུལ་དེས་ངའི་མི་ཚེ་གཏན་དུ་འགྱུར་བ་ཐེབས་སུ་བཅུག་པའི་ཚོར་སྣང་བྱུང་། ཉི་མ་དེ་རིང་ཡིན་ནའང་། བུ་ཆུང་དེས་རང་གི་ཨ་མ་དང་གཅུང་མོར་བཅངས་པའི་བརྩེ་བ་ནི་བསམ་ཡུལ་ལས་འདས་པ་ ཞིག་རེད་འདུག དུས་ཡུན་སྐར་ཆའི་དུམ་བུ་ཞིག་གི་རིང་ལ་ཁ་ལོ་བ་ར་བཟི་ཞིག་གིས་དེ་ལྟར་བུ་ཆུང་ དེའི་ཡོད་ཚད་ནས་ཡོད་ཚད་མེད་བརླག་ཏུ་བཏང་པ་རེད། མི་ཞིག་གི་རིན་ཐང་ནི་མོའམ་ཁོས་གཞན་ལ་བློས་གཏོང་ཅི་བྱས་ཀྱི་ཐོག་གནས་པ་ལས། ཁོའམ་མོ་ལ་ཅི་ཞིག་ཐོབ་ཐུབ་མིན་གྱི་ནུས་པ་ལ་མི་གནས་སོ།། Author Unknown རྩོམ་པ་པོ་ཆ་མེད་ཅིག ངག་ལྷུན་གྱིས་༢༠༡༤ཟླ༣ཚེས་༡༧ཉིན་བསྒྱུར།

No comments:

Post a Comment