Saturday 15 March 2014

འཆི་བའི་སྐོར་མདོ་ཙམ་གླེང་བའི་གཏམ་དམར་རྗེན་མ།

     ༼ འཆི་བའི་སྐོར་མདོ་ཙམ་གླེང་བའི་གཏམ་དམར་རྗེན་མ།༽

 འཆི་བའི་སྐོར་གླེང་བར་བྱ་བ་ལ་ས་བཅད་ལྔ་ཡོད། དང་པོ་རུ་གླེང་སློང་། གཉིས་པར། འཆི་བ་ནི་ཅི་ཞིག་ཡིན་ནམ། གསུམ་པར། འཆི་བ་ལ་གྲ་སྒྲིག་ཇི་ལྟར་བྱ་དགོས། བཞི་པར། འཆི་བའི་རྗེས་ཀྱི་གནད་དོན། ལྔ་པར། འཆི་བ་ལ་བསམས་ཏེ་ཇི་ལྟར་འཚོ་དགོས། དྲུག་པར། མཇུག་གཏམ་བཅས་སོ།                        

 ༼ཀ༽  གླེང་སློང་།
       
       གུས་པའི་རྩོམ་ཡིག་འདི་འབྲི་དགོས་དོན་ནི། རང་ཉིད་ལ་འཆི་བའི་སྐོར་ལྟ་གྲུབ་དང་ཆོས་ལུགས་ཁག་འདྲ་མིན་ནས་ཇི་འདྲ་གསུངས་ཡོད་མིན་གྱི་ཐོག་གོ་རྟོགས་ལོན་རྒྱུ་དེ་གཙོ་བོ་ཡིན། དེ་མ་གཏོགས་གཞན་འདིའི་ཐོག་རང་ཉིད་ཀྱི་བསམ་ཚུལ་འདོན་རྒྱུ་ཅི་ཡང་མེད། རྒྱུ་མཚན་ཡང་གཉིས་ཏེ་རང་ཉིད་ཀྱིས་འཆི་བའི་སྐོར་ལ་རྒྱུས་མངའ་བྱས་པ་ཐོག་མར་ཆགས་པ་མ་ཚད་དུས་ཚོད་ཐུང་ངུའི་ནང་དུ་རྒྱུ་ཆ་འཚོལ་བསྡུ་བྱས་པ་ཡིན་པས་རང་གི་བསམ་བློ་གསར་པ་གང་ཡང་མེད། རྒྱུ་མཚན་གཉིས་པ་རུ་རང་ཉིད་ལ་འཆི་བ་ཉམས་ལེན་བྱས་པ་སོགས་ཀྱི་ཉམས་མྱོང་གང་ཡང་མེད་པ་བཅས་ཡིན།
     སྤྱིར་བཏང་མིའི་རིགས་ཙམ་མ་ཟད་ང་ཚོའི་སྣང་ངོར་འཆར་རྒྱུ་ཡོད་པའི་སྲོག་ཆགས། དུད་འགྲོ འབུ། བྱ། ཉ་ལ་སོགས་པ་ཡོད་ཚད་ཀྱི་མངོན་འདོད་ནི་རང་ཉིད་འཚོ་བ་ཙམ་མ་ཡིན་པར་དེ་ཡང་བདེ་མོ་སྐྱིད་པོ་བྱས་ནས་འཚོ་རྒྱུ་དེ་ཡིན། ནང་ཆོས་ལྟར་ན་འགྲོ་བ་རིགས་དྲུག་ཀུན་གྱི་མངོན་འདོད་ནི་སྡུག་བསྔལ་བྲལ་ཞིང་བདེ་བ་དང་ལྡན་པ་ལས་མ་འདས། འོན་ཀྱང་སྐྱེས་པའི་ཉིན་མོ་ནས་བཟུང་བདེ་སྐྱིད་ངང་དུ་འཚོ་བ་ནི་མི་སྲིད་པ་ཞིག་ཏུ་རང་བཞིན་གྱིས་གྲུབ་ཡོད། ནང་ཆོས་ལྟར་ན་སྤྱིར་འགྲོ་བ་ལ་སྡུག་བསྔལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རྒྱས་པར་བཀའ་བསྟན་ཁག་ལ་ཞིབ་ཕྲ་གསལ་བས་འདིར་མ་སྤྲོས། བྱེ་བྲག་ཏུ་འགྲོ་བ་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཆེན་པོ་གསུམ་ཡོད་པར་གསལ་པ་ནི་ང་ཚོས་མཐོང་དུ་ཡོད་པའི་སྲོག་ཆགས་ཀུན་ལ་མངོན་སུམ་དུ་གྲུབ་ཡོད། འདི་དག་ནི་སྤྱིའི་དབང་དུ་བྱས་པའི་སྡུག་བསྔལ་གཙོ་བོར་གྱུར་པ་རྣམས་ཡིན།
    རང་ཉིད་ཀྱིས་སྐབས་དོན་གླེང་བྱ་ནི་འཆི་བའི་སྐོར་ཡིན་ཞིང་སྡུག་བསྔལ་གྱི་ནང་གི་འཆི་བའི་སྡུག་བསྔལ་ཡིན། སྲོག་ཅན་དུ་གྲུབ་པ་གང་ཞིག་ཡིན་རུང་འཆི་བ་ནི་ཀུན་གྱིས་མཐའ་གཅིག་ཏུ་མི་འདོད་པ་རང་བཞིན་གྱིས་གྲུབ་པའི་མངོན་འདོད་ཅིག་ཡིན་ནའང་སྲོག་ལྡན་ཀུན་ལ་འཆི་བ་ནི་ནམ་ཞར་ཡང་ལྡོག་ཏུ་མེད་པ་ཆོས་ཉིད་དུ་གྲུབ་ཡོད། དེས་ན་སྲོག་ཆགས་རྣམས་གསོན་པོར་འཚོ་བའི་སྐབས་འཆི་བ་ལས་མཐར་ཐབས་ཁོ་ནར་འབད་ཅིང་།
           འཆི་བ་ལྡོག་ཏུ་མེད་པ་ཞིག་ཡིན་རུང་། དེའི་སྐབས་སུ་མྱོང་དགོས་པའི་སྡུག་བསྔལ་རྣམས་ལ་གཤིན་པོ་དང་གསོན་པོ་གཉིས་ཀས་གདོང་ལེན་བྱེད་ཐབས་ལ་འགྲོ་བ་མིའི་རིགས་ཀྱིས་ཐབས་ལམ་མང་པོ་ཞིག་བཙལ་ཡོད། ལྷག་པར་དུ་ཡིད་ཆེས་དང་དད་པས་བསྐྲུན་པའི་ཆོས་ལུགས་མང་ཆེ་བར་འཆི་བའི་སྐབས་སུ་སྤེལ་དགོས་པའི་ཆོ་ག་མང་པོ་ཞིག་ཡོད་པ་མ་ཚད་འཆི་བའི་འཇིགས་སྐྲག་ལས་མཐར་ཐབས་སུ་སྐྱེ་བ་ཕྱི་མ་ཞེས་པ་ཞིག་ཡོད་ཚུལ་དང་། ཡང་འགའ་ཤས་ཀྱིས་འཆི་བ་ནི་གཏན་དུ་གཉིད་ཡུར་བའི་རྣམ་པ་ཡིན་ཚུལ་ལམ། ཡང་འགའ་ཤས་ཀྱིས་སྐྱབས་ཡུལ་བྱེ་བྲག་པར་སྐྱབས་བསྟེན་ན་དག་ཞིང་དུ་སྐྱོད་རྒྱུ་ཡོད་ཚུལ་སོགས་ཀྱི་ཤོད་སྟངས་གྲངས་ལས་འདས་པ་ཡོད།
   དེ་ཡང་གཙོ་བོར་ནང་ཆོས་ནང་ནས་གསུངས་པའི་འཆི་བ་ངོས་འཛིན་སྟངས། འཆི་བའི་སྡུག་བསྔལ་ལ་གདོང་ལེན་བྱེད་ཐབས། གཞན་ཡང་འཆི་བ་དང་འབྲེལ་ཡོད་ཀྱི་གནད་དོན་ཁག་གླེང་རྒྱུ་མ་ཟད། རང་ཉིད་ཀྱིས་བལྟས་པའི་ཕྱིའི་མཁས་དབང་ཁག་གི་དགོངས་ཚུལ་སོགས་ལ་གོ་བ་རགས་པ་ཞིག་བླངས་པར་རློམས་ནས་འདིར་འགོད་རྒྱུ་ཡིན།

             ༼ཁ༽འཆི་བ་ནི་ཅི་ཞིག་ཡིན་ནམ།

     ཡོད་ཚད་ཀྱིས་འཆི་བ་ལ་འཇིགས་སྣང་ཧ་ཅང་བྱེད་ཅིང་། རྒྱུ་མཚན་ནི་འཆི་བའི་སྐབས་སུ་ང་ཚོས་གསོན་དུས་ཀྱི་ཞེན་ཡུལ་ཡོད་ཚད་དང་བྲལ་ནས་གང་ཞིག་ཏུ་སླེབས་མིན་ཧ་མི་གོ་བས་ཡིན། ད་དུང་སེམས་ཅན་ཀུན་ལ་ལྡོག་ཏུ་མེད་པར་གྲུབ་ཡོད་པས་མང་ཆེ་བས་འཆི་བའི་སྐོར་གླེང་སློང་དང་བསམ་བློ་གཏོང་བ་ཙམ་ཡང་མི་བྱེད་པར་དེ་ནི་ཡོང་ངེས་པ་ཡིན་པས་དེ་ལས་སྡུག་བསྔལ་མ་བྱས་ན་ཡག་ཤོས་རེད་ཅེས་ཤོད་པ་ཡིན། མཐར་འཆི་བ་སླེབ་དུས་དེའི་སྐོར་གྱི་གདོང་ལེན་བྱ་ཐབས་ཅི་ཡང་གྲ་སྒྲིག་མེད་པས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བར་འགྱུར།
      དེས་ན་ཐོག་མར་འཆི་བ་ནི་ཅི་ཞིག་ཡིན་མིན་གྱི་སྐོར་ལ་ངོས་འཛིན་བྱེད་སྟངས་རྣམས་ཧ་གོ་བ་ཡིན་ན་གཞི་ནས་ང་ཚོས་དེ་ལ་གོམས་འདྲིས་སུ་བཏང་ཚེ་འཆི་བའི་སྡུག་བསྔལ་ཉུང་ངུ་མྱོང་བ་ཡིན། མ་ཟད་འཆི་ཁར་སླེབས་པ་ཞིག་ལ་རོགས་པ་ཇི་ལྟར་བྱ་དགོས་མིན་ཡང་ཤེས་འོང་བ་ཡིན།
  དེ་ལས་ལྡོག་སྟེ་འཆི་བ་ལ་ངོས་འཛིན་གསལ་བོ་ཞིག་མ་བྱུང་ཚེ་དཀའ་ངལ་མང་པོ་དང་གདོང་གཏད་དགོས།
དེ་ཡང་གུས་པས་འདིར་འཆི་བའི་ལྟ་སྟངས་ལ་རིམ་པ་ལྔའི་ཐོག།ནས་གླེང་རྒྱུ་ཡིན། དང་པོ་རུ་ནང་པའི་ལྟ་སྟངས། གཉིས་པར་ཧིན་དྷུའི་ལྟ་སྟངས། གསུམ་པར་ཁ་ཆེའི་ལྟ་སྟངས། བཞི་པར་ཚན་རིག་གི་ལྟ་སྟངས། ལྔ་པར་གནའ་བོའི་ཨི་ཇིབ་ཀྱི་ལྟ་སྟངས་བཅས་སོ།
  ༡༽ནང་ཆོས་ཀྱིས་འཆི་བར་ལྟ་སྟངས།
 ད་ནི་འཆི་བའི་སྐོར་ལ་ནང་ཆོས་ནས་ཅི་ཞིག་གསུངས་ཡོད་དམ་ཟེར་ན། ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཏེ། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་བཅས་གསུངས་པ་དེའི་ནང་ནས་སྡུག་བསྔལ་བདེན་པ་ཐོག་མར་གསུངས་ཡོད། དེ་ཡང་སྡུག་བསྔལ་བདེན་པ་དེ་འདས་ཟིན་པར་ཉོན་མོངས་ཀྱི་དབང་གིས་ཟག་བཅས་ཀྱི་ལས་བསགས་པ་ལས་བྱུང་བའི་ད་ལྟའི་འབྲས་བུ་྄སྟེ་སྡུག་བསྔལ་གྱི་སྐོར་ཡིན། རྒྱལ་བ་རིན་པོ་ཆེས་མཛད་པའི་༼ནང་པའི་ལྟ་སྤྱོད་ཀུན་བཏུས་༽སུ། "བདེན་པ་བཞི་པོ་རེ་རེར་རྣམ་པ་བཞི་བཞི་ཕྱེ་སྟེ་རྣམ་པ་བཅུ་དྲུག་ཡོད། སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མི་རྟག་པ་དང༌། སྡུག་བསྔལ་བ། སྟོང་པ། བདག་མེད་པ་བཅས་ཡིན། མི་རྟག་པ་ལ་རགས་པའི་མི་རྟག་པ་དང༌། ཕྲ་བའི་མི་རྟག་པ་བཅས་ནང་གསེས་གཉིས་ཡོད།"ཅེས་དང་ཡང་། "ཕྱིའི་དངོས་པོ་དེ་དག་གི་འགྲུབ་བྱེད་ཀྱི་རྫས་རྣམས་སྐད་ཅིག་སྐད་ཅིག་གིས་འཇིག་གི་ཡོད་ཅིང༌། དེ་བཞིན་དུ་ཕྱིའི་དངོས་པོ་དེ་དག་འཛིན་པར་བྱེད་པའི་ནང་རྣམ་པར་ཤེས་པ་ཡང་སྐད་ཅིག་སྐད་ཅིག་གིས་འཇིག་གི་ཡོད། སྐད་ཅིག་གིས་འཇིག་ཚུལ་འདི་ལ་ཕྲ་བའི་མི་རྟག་པ་ཞེས་བརྗོད། རགས་པའི་མི་རྟག་པ་ཞེས་པ་ནི་དཔེར་ན། དངོས་པོ་ཞིག་པ་དང༌། མི་ལ་མཚོན་ན། མིའི་འཆི་བ་རྣམས་ལ་བརྗོད་པ་ཡིན།" ཞེས་གསུངས་པ་ནས་ང་ཚོས་སྟོན་པའི་གསུང་གི་ནང་གསེས་གང་གི་ཁོངས་སུ་འཆི་བའི་སྐོར་གསུངས་པར་གོ་བ་གསལ་པོ་ཞིག་སྐྱེད་ཐུབ།
        འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་པ་དེ་ནས་ནང་ཆོས་སུ་འདུས་ནས་གྲུབ་པ་སྟེ་དངོས་པོ་ཡོད་ཚད་མི་རྟག་པ་སྟེ་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བ་ཆོས་ཉིད་ཡིན་པར་གསུངས་པས། ང་ཚོ་སྟེ་སྤྱི་མཐུན་གྱི་སྣང་ངོའི་སྲོག་ཆགས་རྣམས་ནི་ཕ་མའི་ཁུ་ཁྲག་ལས་འདུས་ཏེ་གྲུབ་པའི་བདག་ཉིད་ཅན་ཡང་འཇིག་འགྲོ་བ་ནི་དངོས་པོ་ཀུན་གྱི་ཆོས་ཉིད་དུ་གྲུབ་པ་དེ་ལས་མ་འདས། དེས་ན་འཆི་བ་ནི་དངོས་པོའི་ཆོས་ཉིད་ཅིག་ཏུ་འདོད་པ་ཡིན་ལ། འདོད་ཚུལ་འདི་ནི་ནང་པ་ཙམ་མིན་པར་མཐུན་མོང་བའི་འདོད་ཚུལ་ཞིག་ཡིན།
     ཐུན་མོང་མ་ཡིན་པར་ནང་ཆོས་སུ་ཅི་ཞིག་གསུངས་ཡོད་དམ་ཟེར་ན།  དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་ཆོས་མངོན་པ་མཛོད་ཀྱི་ནང་སྲོག་ཅེས་པ་དྲོད་དང་རྣམ་ཤེས་ཀྱི་རྟེན་དང༌། འཆི་བ་ཞེས་པ་ནི་དེ་ལྟ་བུའི་བྱེད་ལས་འགགས་པ་ལ་གསུངས།
  ཡང་རྒྱལ་བ་རིན་པོ་ཆེའི་༼ནང་པའི་ལྟ་སྤྱོད་ཀུན་བཏུས༽ལས "མི་བརྟན་པའི་གཟུགས་རགས་པ་འདི་དང་རྣམ་ཤེས་གཉིས་ལྷན་དུ་ཡོད་པའི་ཚེ་གསོན་པོ་དང༌། དེ་དག་སོ་སོར་བྲལ་བ་ན་ཤི་བ་ཡིན། དེས་ན་ལུས་སེམས་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བ་རྣམས་ཀྱི་བར་ཁྱད་པར་འབྱེད་དགོས་པ་ཡིན་ཞིང༌། འཆི་བ་ཞེས་པ་ལུས་རགས་པ་དང་རྣམ་ཤེས་གཉིས་སོ་སོར་འབྱེད་པ་དེ་ཡིན་གྱི། ཤིན་ཏུ་ཕྲ་བའི་རྣམ་ཤེས་ནི་ཤིན་ཏུ་ཕྲ་བའི་གཟུགས་ཕུང་དེ་ལས་སོ་སོར་འབྱེད་པའི་ཐབས་ཤེས་མེད། གང་ཡིན་ཞེ་ན་ཕྱི་མ་ནི་རྣམ་ཤེས་དེའི་བཞོན་པར་གྱུར་པའི་རླུང་ངམ་ནང་གི་ནུས་པ་ཙམ་ཞིག་ཡིན།" ཞེས་གསུངས་ཡོད་པ་འདི་ནས་ནང་ཆོས་སུ་འཆི་བ་ནི་ཅི་ཞིག་ལ་ངོས་འཛིན་མིན་ཧ་ཅང་གསལ་ཞིང་གོ་བདེ་རེད།
      དགེ་བཤེས་སྐལ་བཟང་རྒྱ་མཚོའི་གསུང་རྩོམ༼དེང་རབས་ཀྱི་ནང་ཆོས་བྱང་སེམས་དང་ཤེས་རབ་ཀྱི་ལམ་སྟོན།༽ཞེས་པ་དབྱིན་ཡིག་ཏུ་མཛད་པ་དེའི་ནང་། "འཆི་བ་ནི་ལུས་སེམས་གཉིས་གཏན་དུ་ཁ་བྲལ་བའི་གནས་སྐབས་ལ་ཟེར" ཞེས་དང་ཡང་། "འཆི་བའི་སྐབས་སུ་རྣམ་ཤེས་ནི་བྱིའུ་རང་ཚང་ནས་འཕུར་ཏེ་ས་ཆ་གཞན་ཞིག་ལ་བསྐྱོད་པ་ལྟར་ཚེ་འདིའི་ལུས་པོ་བཞག་སྟེ་སྐྱེ་བ་གཞན་ལེན་པ་ཡིན།" ཞེས་གསུངས་ཡོད། ནང་ཆོས་སུ་ང་ཚོར་ཆགས་སྡང་དགའ་སྐྱོ་སོགས་ཀྱི་ཚོར་བ་འབྱུང་ས་དེ་ལ་སེམས་ཞེས་ཟེར་ཞིང་དེ་ཡང་སེམས་ཀྱི་རྒྱུན་སྐྱེ་བ་ཕྱི་མར་སྐྱོད་རྒྱུ་ཡོད་པར་བཞེད་པ་ཡིན། སྐྱེ་བ་ཕྱི་མའི་སྐྱོད་ཡུལ་དེ་ཡང་། རྗེ་ཙོང་ཁ་པའི་༼བྱང་ཆུབ་ལམ་རིམ་ཆེན་མོའི་༽ནང་དུ་སྐྱེས་བུ་ཆུང་ངུའི་ལམ་སྟོན་པའི་སྐབས་ "ཤི་བའི་འོག་ཏུ་ཡང་མེད་དེ་མི་འགྲོ་བར་སྐྱེ་བ་བླང་དགོས་སོ། །དེ་ཡང་འགྲོ་བ་གཉིས་ལས་གཞན་དུ་སྐྱེ་ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེ་བ་ཡིན་ནོ། །དེ་དག་ཏུ་སྐྱེ་བ་ལ་རང་དབང་ནི་མེད་པས་ལས་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར།།" ཞེས་གསུངས་པ་ལྟར་ལས་དགེ་བ་ལས་བདེ་འགྲོར་སྐྱེ་བ་དང་ལས་སྡིག་པ་ལས་ངན་འགྲོར་སྐྱེ་བར་འདོད་པ་ཡིན།
    ཡང་ཀློང་ཆེན་རབ་འབྱམས་པས་མཛད་པའི་༼བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག༽ཅེས་པར་ "བེམས་པོ་འབྱུང་བཞིའི་གཡར་པོ་གཏོད་ཙམ་ལས། །རིག་པའི་ངོས་ལ་སྐྱེ་འཆིར་གྲུབ་པ་མེད། །རིག་སྟོང་ཀ་དག་ཆོས་སྐུའི་རང་གཟུགས་ལ། །གང་འཆི་སུ་འཆི་ཅི་རུ་གྲུབ་པ་ལྟོས། །ཅིར་ཡང་མེད་པས་འཆི་བ་རྣམ་བདེན་མིན།"ཞེས་གསུངས་ཡོད་པ་ནས་ལྟས་ན་ནང་པས་འཆི་བ་ནི་བེམ་པོ་ལ་མ་གཏོགས་རིག་པ་ལ་སྐྱེ་འཆི་གྲུབ་མེད་པར་འདོད་པ་འདྲ། དོན་དངོས་ཐོག་ནང་ཆོས་ནས་ཡོད་ཚད་ཕན་ཚུན་རྟེན་པ་མ་གཏོགས་རང་བཞིན་གྱིས་གྲུབ་མེད་པར་འདོད་པས་སྐྱེ་འཆི་ཞེས་པ་ཡང་འཁྲུལ་སྣང་ཙམ་ལས་མ་འདས་པར་བསམ་དགོས། འབྱུང་བ་ལས་གྲུབ་པའི་ལུས་འདིི་ནས་རྣམ་ཤེས་གཞན་ལ་འཕོ་བ་ནི་འཆི་བར་ངོས་འཛིན་བྱ་བ་ཡིན། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མ་ལས། "ཡུན་རིང་འགྲོགས་པའི་མཛའ་ཤེས་སོ་སོར་འབྲལ།། འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།། ལུས་ཀྱིས་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན།།" ཞེས་གསུངས་པ་ལྟར་འཆི་བ་ཅེས་པ་སླེབ་དུས་ལུས་ལས་རྣམ་ཤེས་གྱེས་འགྲོ་ཚུལ་ལ་ལུས་མགྲོན་ཁང་གི་དཔེར་བཀོད་ནས་རྣམ་ཤེས་མགྲོན་པོ་ལྟ་བུ་ཡིན་པ་གསུངས་པ་ནས་ཀྱང་ནང་པས་འཆི་བར་ལྟ་སྟངས་གསལ་པོ་ཞིག་ཤེས་ཐུབ།
    གཞན་ཡང་འཆི་སྟངས་འཆི་ལུགས་ཀྱི་འབྱུང་བ་ཐིམ་ལུགས་སོགས་སྔགས་གཞུང་ཁག་ལ་སོགས་པར་ཞིབ་ཅིང་རྒྱས་པར་གསལ་བས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད་དོ།

༢༽ཧིན་དྷུས་འཆི་བ་ལ་ལྟ་སྟངས།
 ཡང་ཧིན་དྷུའམ་མུ་སྟེགས་པའི་ཆོས་ལུགས་སུ་འཆི་བ་ནི་ཅི་ཞིག་ལ་འདོད་དམ་ཟེར་ན། ཨ་རིའི་ཧིན་དྷུའི་སློབ་གྲྭ་ཆེན་མོའི་(The Hindu University of America)སློབ་དཔོན་ཆེན་མོ་ སུ་བྷ་ས་ ཨར ཏི་ཝཱ་རི་(Prof. Subhas R.Tiwari)ཡི་བརྩམས་ཆོས་༼ཧིན་དྷུས་འཆི་བ་ལྟ་ཚུལ(Hindu Concept of Death)༽ཞེས་པར་ "ལུས་གཟུགས་ཀྱིས་ཚད་བཀག་ཅན་གྱི་ཚེ་ཚད་རྒྱུད་ཚར་པའི་རྗེས་སུ་སྲོག་གི་རྩ་དོན་ངོ་མ་སྟེ་ཨཏྨའམ་བདག་ཅེས་པ་རྟག་པ་བ་ཞིག་ཡོད།" ཅེས་ལུས་ཀྱི་ཚེ་ཚད་རྫོགས་པའམ་ཤི་བའི་རྗེས་སུ་ལུས་ལས་ལོགས་སུ་སྲོག་གི་རྒྱུན་ངོ་མ་དེ་ནི་ཨཏྨའམ་བདག་ཅེས་པ་ཞིག་ཡོད་པ་མ་ཚད། དེ་ཡང་རྟག་པ་བར་འདོད་པར་བཤད། ད་དུང་"བདག་ནི་སྡུག་བསྔལ་ལས་འགལ་ཏེ་དེ་ལ་བདེ་སྡུག་གི་ཚོར་བ་མྱོང་རྒྱུ་མེད་ལ་དེ་ནི་གསལ་ཞིང་དྭངས་པའི་རང་བཞིན་ཅན་ནོ།"ཞེས་བདག་གམ་ཨཏྨ་ཞེས་པ་དེའི་རང་བཞིན་ངོ་མ་བདེ་སྡུག་གི་ཚོར་བ་དང་བྲལ་ཞིང་ "འོན་ཀྱང་བདག་དེ་ཚོར་འདུ་དང་ཆགས་ཞེན་སོགས་དང་འཕྲད་ཚེ་དེ་ནི་ཚོར་བ་དང་ཆགས་ཞེན་མྱོང་བ་པོ་གྱུར་ཏེ་རང་བཞིན་གཙང་མ་ཡིན་པའི་བདག་྄དེ་སྦགས་པར་འགྱུར་ཞིང་ཨཏྨ་ཞེས་པ་དེ་ཇི་ཝའམ་དྲསྚ་ཞེས་པར་གྱུར་ཏེ་རྣམ་ཤེས་དང་ལུས་པོ། དབང་པོ་བཅས་ཀྱི་ངོ་བོར་འགྱུར་བ་ཡིན།" ཞེས་དང་། "འཆི་བའི་སྐབས་སུ་ལུས་གཟུགས་དང་རང་སྒེར་གཉིས་ཀྱི་ཚད་བཀག་ཅན་གྱི་འཚོ་ཚད་དེ་རྫོགས་ཡོང་བས་དེ་དག་དང་བྲལ་མི་འདོད་པར་བྲལ་དགོས་པས་ཞེད་སྣང་སྐྱེ་ཞིང་། ཤི་བའི་རྗེས་སུ་བདག་དེ་གཞན་ལ་འཕོ་བ་ཡིན།" ཞེས་དང་། "ཧིན་དྷུའི་གཞུང་ལྷ་ཡི་མགུར་རམ་ཝག་ཝད་གྷི་ཏའི་ནང་དུ་གང་ལ་སྐྱེ་བ་ཡོད་ན་དེ་ལ་འཆི་བ་ངེས། གང་ལ་འཆི་བ་ཡོད་ན་དེ་ལ་སྐྱེ་བ་ངེས།"ཞེས་བཤད་ཡོད། ད་དུང་མུ་སྟེགས་པའི་གཞུང་གཞན་འགར་ "འཆི་བ་ནི་གཅིག་གི་མཇུག་བསྡུ་ཡིན་ཞིང་གཞན་ཞིག་གི་འགོ་འཛུགས་ཡང་ཡིན།" ཞེས་བཤད་པ་དག་ལས་ང་ཚོས་རྟོགས་འོང་བ་ནི་ཧིན་དྷུ་བ་ཚོས་ལུས་དང་བདག་གཉིས་གཏན་དུ་ཁ་བྲལ་བ་དེ་ལ་འཆི་བ་ཞེས་འབོད་ཅིང་། འཆི་བའི་རྗེས་སུ་རྟག་པ་བ་དང་རང་བཞིན་གསལ་བ་ཡིན་པའི་བདག་ཅེས་པ་དེ་ནི་མུ་མཐུད་གནས་པ་དང་། ཡང་སྐྱར་འགོ་འཛུགས་གསར་པ་ཞིག་གི་སྣེ་མཐུད་པར་འདོད་པ་ཡིན། ད་དུང་ཁོ་ཚོས་ཐག་བཅད་ནས་བཤད་པའི་མཐའ་སྡོམ་ཞིག་ནི་གང་ལ་སྐྱེ་བ་ཡོད་ན་དེ་ལ་འཆི་བ་ངེས་པ་དང་། གང་ལ་འཆི་བ་ཡོད་ན་དེ་ལ་སྐྱེ་བ་ངེས་པ་འདི་ཡིན་སྙམ། ནང་པའི་གྲུབ་མཐའི་གཞུང་བཤད་པའི་སྐབས་མུ་སྟེགས་པ་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་པ་ཡིན་ཞེས་གསུངས་པ་དེའང་འདི་ལས་མ་འདས།

༣༽ཁ་ཆེ་ཆོས་ལུགས་པ་ཚོས་འཆི་བ་ལ་ལྟ་སྟངས།
ཁ་ཆེ་ཆོས་ལུགས་རྗེས་འགྲངས་པ་ཚོས་འཛིན་དགོས་པའི་དམིགས་ཡུལ་གཉིས་ཡོད་ལ་དེ་ནི་དཀོན་མཆོག་ཁོ་ན་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་ཏེ་ཁོང་གི་མངོན་འདོད་ལ་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་དང་། གཉིས་པ་དེ་ནི་ཞི་བར་གནས་རྒྱུ་སྟེ། རང་ཉིད་ཞི་བར་གནས་རྒྱུ་དང་། འཇིག་རྟེན་བཀོད་པ་པོ་དང་། ཁོང་གི་བཀོད་པ་བཅས་དང་ཞི་བར་གནས་རྒྱུ་བཅས་ཡིན། ཚེ་སྲོག་ཡོད་ཚད་དཀོན་མཆོག་གིས་བཀོད་པ་ཡིན་པས་ཁོང་ལ་གྱེན་ལྡོག་བྱས་ན་ཤི་བའི་རྗེས་སུ་དམྱལ་བར་སྐྱེ་བ་དང་། ཁོང་ལ་ཡིད་ཆེས་དང་། ཁོང་གི་བཀོད་པ་ལ་དགའ་བ་སྒོམ་ན་དེ་ནི་དཀོན་མཆོག་གི་མདུན་དུ་འབྱོར་རྒྱུ་ཡིན་པར་ཤོད་པ་ཡིན།
    ཁ་ཆེ་ཆོས་ལུགས་པས་འཆི་བ་ལ་འདོད་སྟངས་རོབ་ཙམ་ཞིག་གསལ་བྱེད་དུ་ རབ་འབྱམས་པFaroque A khan ཧྥེ་རོ་ཀུའི་ ཨེ ཁན་གྱིས་སྤེལ་བའི་དཔྱད་རྩོམ་
Definition of death in islam can death of brain be the criteria of death in Islam
༼ཁ་ཆེའི་ཆོས་ལུགས་ཀྱི་འཆི་བའི་མཚན་ཉིད་དེ། ཁ་ཆེ་བས་ཀླད་ཆེན་ཉམས་པ་ནི་འཆི་བའི་མཚན་མར་འདོད་དམ།༽ཞེས་པ་དེའི་ནང་འཁོད་ཅིག་ལ་བལྟས་ན་འདི་ལྟར། "ཁ་ཆེ་ཆོས་ལུགས་ནས་ཐབས་ཤེས་ཡོད་རྒུས་ཚེ་སྲོག་ལ་སྲུང་སྐྱོབ་བྱ་དགོས་པར་ནན་ཏན་བྱེད་ཅིང་། ལུས་པོའི་བདག་གཅེས་ཡག་པོ་བྱ་དགོས་པར་ཤོད་པ་ཡིན། སྔ་ས་ནས་ཐག་བཅད་ཟིན་པའི་འཆི་བའི་དུས་ཚོད་དེ་སླེབས་ན་སུ་གང་ཡང་ཐར་ཐབས་མེད། འཆི་གསོན་གཉིས་ཀྱི་གནད་དོན་ཐོག་ཁ་ཆེ་ཆོས་ལུགས་ནས་གླེང་དུས། འཆི་བའི་མཚན་ཉིད་གཏན་ཁེལ་ཞིག་འཇོག་རྒྱུ་མེད་པ་གསལ་པོ་ཡོད། ཁ་ཆེའི་གསུང་ནང་གི་ཤོ་ལོ་ཀ་༢༣ པ་དང་༡༠༠པར་ཚེ་སྲོག་གི་རྒྱུད་རིམ་གླེང་དུས་ཀྱི་བརྗོད་གཞི་རྣམས་ནི། དང་པོར་འཇིག་རྟེན་འདིའི་སྒང་གི་ཚེ། གཉིས་པར་གཟུགས་པོ་དང་རྣམ་ཤེས་གཉིས་ཁ་ཁར་གྱེས་པའི་དུས་དང་། ལུས་པོ་མི་ཡུལ་དུ་ལྷག་ཅིང་རྣམ་ཤེས་ནི་བྷར་ཇག་Barzakhཅེས་པའི་མི་གཡོ་བའི་གནས་སྐབས་ཤིག་ཏུ་ལེགས་ཉེས་བརྟག་པའི་དུས་མ་སླེབ་བར་གནས་པའི་ཚུལ། གསུམ་པར་འདས་ལོག་དང་། ཚེ་སྲོག་གི་རྒྱུད་རིམ་མཐའ་མ་བཅས་ཡིན།" འདི་ལྟ་ང་ཚོས་རྟོགས་ཐུབ་པ་ཞིག་ལ་ཁ་ཆེའི་ཆོས་ལུགས་སུ་སྐྱེ་བ་ཕྱི་མ་ཞེས་པ་ཞིག་འདོད་ཀྱང་ནང་ཆོས་དང་ཧིན་དྷུ་གཉིས་དང་བསྡུར་ན་འཆི་བའི་སྐོར་དེ་ཙམ་ཞིབ་པོ་དང་གསལ་ཁ་དོད་པོ་མེད་པ་འདྲ།

 ༤༽ དེང་རབས་ཀྱི་ཚན་རིག་པ་ཚོས་འཆི་བ་ལ་མཚན་ཉིད་འཇོག་སྟངས་ཇི་ལྟར་ཡིན་ནམ།
  Www.newscientist.com
18:00 10 October 2007 by Jo Marchant and Lucy Middleton
Introduction death    
༢༠༠༧ལོའི་ཟླ་བ་བཅུ་པའི་ནང་/གསར་སྐྱེས་ཚན་རིག་པ/ཞེས་པའི་དྲྭ་རྒྱའི་ཐོག་ཏུ་ཚན་རིག་པ་ཇོ། མར་ཆེནཊ་དང་། ལུ་སི། མི་ཌལ་ཊོན་རྣམ་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྤེལ་བའི་འཆི་བའི་འགྲེལ་བཤད་ཅེས་པར། རྩོམ་གྱི་ཐོག་མ་རང་ལ "ང་ཚོ་གསོན་པོར་གནས་རྒྱུ་མིན་པར་འཆི་རྒྱུ་ཡིན་པ་ནི་གཏན་ཁེལ་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ང་ཚོར་འཆི་བ་ལ་གཏན་ཁེལ་བའི་མཚན་ཉིད་ཅིག་འཇོག་རྒྱུ་མེད། འཆི་བ་ལ་མཚན་ཉིད་འཇོག་རྒྱུ་ནི་འཆི་བ་དངོས་སུ་ཐོན་པ་ལས་ཀྱང་ཁག་པོ་ཞིག་ཆགས་ཡོད་ལ། དུས་རིམ་བཞིན་མཚན་ཉིད་འཇོག་རྒྱུ་དཀའ་ལས་ཁག་ཏུ་འགྲོ་བཞིན་ཡོད།" ཅེས་གསུང་སྐད་ཤོར་ཡོད། དེ་ནས་རིམ་པས་དེའི་རྒྱབ་ལྗོངས་སོགས་བཤད་དུས་ "དུས་རབས་གཅིག་ཙམ་གྱི་ཡར་སྔོན་དུ་སྨན་པ་མ་ཡིན་པར་ཆོས་པ་ཞིག་གིས་མི་ཞིག་གི་ལུས་གཟུགས་རུལ་བའི་རྟགས་སླེབས་ན་དེ་ནི་འཆི་བ་ཡིན་པར་ཐག་གཅོད་བྱེད་པ་ཡིན། འོན་ཀྱང་རིམ་པས་སྨན་བཅོས་ལག་རྩལ་ཡར་རྒྱས་འགྲོ་ཡོང་དུས་འཆི་བ་ནི་གནད་ཆེའི་བྱུང་བ་ཞིག་མ་ཡིན་པར་དེ་ནི་རྒྱུད་རིམ་ཙམ་ཞིག་ཡིན་པ་གསལ་པོར་བྱུང་ཡོད།"
ཅེས་བཤད་ཅིང་ཡང་། "དེ་འདྲ་ཞིག་ཡིན་ནའང་ལག་ལེན་དངོས་ཀྱི་ཆེད་དུ་གནད་དོན་འགའ་ཞིག་གཞིར་བཞག་ཐོག་སྐྱ་ཐིག་འཐེན་དགོས་བྱུང་ཡོད། རིམ་པ་དང་པོར་འཆི་བ་ནི་སྙིང་གི་འཕར་མཚམས་ཆད་པ་ལ་བཞག་ཡོད། དེ་ནས་ཀླད་པའི་བྱེད་ལས་ཉམས་པ་དེ་རྟགས་ཤིག་ཏུ་འདོད། འདི་ནི་ལོ་རབས་དྲུག་བཅུ་པར་ད་དུང་ཡར་ཐོན་ལ་བརྩིས་པ་རེད། དུས་ཡུན་གང་མཚམས་ཤིག་གི་རིང་འདི་ནི་འཆི་བའི་བདེན་དཔང་འཐུས་ཚང་ཞིག་ཏུ་གྲུབ་ཡོད། རྒྱུ་མཚན་ནི། ཀླད་པ་དང་ཀླད་པའི་གཞུང་རྟ་གཉིས་ཀྱི་བྱ་ལས་མཚམས་ཆད་ན་དྲན་པ་ཕྱིར་གསོ་མི་ཐུབ་ལ། རྒྱུན་ཆད་ན་ལུས་པོ་ཡིས་ལམ་སང་ལས་ཀ་བྱེད་རྒྱུར་མཚམས་འཇོག་པ་ཡིན། " ཞེས་བཤད་དེ་རིམ་པས་ཚན་རིག་པས་ཐོག་མར་འཆི་བ་ནི་སྙིང་གི་ཕར་མཚམས་ཆད་པ་དང་། དེ་ནས་ལྟ་སྟངས་གཞན་ཞིག་སྟེ་ཀླད་པའི་བྱེད་ལས་ཡོངས་སུ་ཉམས་པ་ལ་འཇོག་པའི་འཕེལ་རིམ་ཞིག་ངོ་སྤྲད་ཡོད། ཡང་ཀླད་པའི་བྱེད་ལས་ལ་རག་ལས་པའི་འཆི་བའི་ཐག་གཅོད་ཀྱི་འཕེལ་རིམ་གསར་པ་འདི་ལའང་ཡང་སྐྱར་དོགས་པ་ཞིག་སླེབས། དེ་ཡང་རྩོམ་དེ་རང་ལས "དེང་སང་བེན་ཊི་ལེ་ཊོར་ཞེས་པའི་ཀླད་པར་གོད་ཆག་ཤུགས་ཆེན་ཕོག་ན་དབུགས་རྔུབ་ལེན་དང་སྙིང་གི་འཕར་ལྡིང་གི་བྱེད་ལས་མུ་མཐུད་བྱེད་ཀྱི་འཕྲུལ་ཆས་དེས་འགྱུར་བ་གཞན་ཞིག་ཁྱེར་སླེབས། འདིས་མི་ལ་ཐོག་མར་ཀླད་པའི་བྱེད་ལས་ཡོངས་སུ་ཉམས་ནའང་ཤི་བ་ལ་ངོས་འཛིན་དགོས་མིན་གྱི་དོགས་པ་དེ་ཡོང་དུ་བཅུག"ཅེས་ཀླད་པའི་བྱེད་ལས་ཉམས་པ་ལ་འཆི་བར་ལྟ་ཚུལ་ཐོག་གི་དོགས་པ་སླེབས་སྟངས་འདི་ལྟར་བཤད་པ་དང་ཡང་། "དེང་སང་ཀླད་པ་སྐྱར་བཟོ་བྱེད་ཐུབ་པའི་ང་ཚོའི་བྱེད་ནུས་དེ་ཡིས་ག་ལེར་སླར་ཡང་འཆི་བ་ལ་མཚན་ཉིད་གསར་བ་ཞིག་བཟོོ་དགོས་པའི་བཙན་སྐུལ་བྱེད་ཀྱིན་ཡོད། འཆི་བ་དེ་ཡང་ཀླད་པའི་བྱེད་ལས་ལ་རག་མ་ལས་པར། རང་གི་ངོ་བོ་ལ་རག་ལས་ཡོད། མི་ཞིག་གི་དྲན་པ་དང་། སྒེར་གཤིས་ཡོད་ཚད་གནས་སའི་ཀླད་པ་དེ་ཡོངས་སུ་མེད་པར་བཟོས་པའི་རྗེས་སྔར་གྱི་མི་དེ་རང་ལ་གནས་སམ་ཡང་ན། མི་གསར་པ་ཞིག་སྐྱེའམ།"ཞེས་དོགས་སློང་གི་འགོ་བརྩམས་པ་མ་ཟད་ད་ལྟའི་ཆར་འཆི་བ་ལ་གཏན་ཁེལ་བའི་མཚན་ཉིད་ཅིག་འཇོག་རྒྱུ་མེད་པར་གྱུར་བ་གསལ་པོ་རེད། དེ་བས་མཚན་རིག་པའི་སྡེར་དེ་ནི་རྩོད་གཞི་ཅན་ཞིག་ཏུ་ལྷག་ཡོད།
        མཚན་ཉིད་རིག་པའི་བའི་སྡེ་ཁག་གཅིག་གིས་དྲན་པ་དང་སྒེར་གཤིས་འཇོག་སའི་ཀླད་པའི་མདུན་ངོས་ཕྱོགས་དེ་མེད་པར་བཟོས་ན་སུ་ཞིག་ཡིན་རུང་འཆི་བར་ཐག་གཅོད་བྱེད་པར་འདང་ངེས་ཡིན་ཚུལ་རྩོད་པ་ཡིན།
འོན་ཀྱང་ཁག་ཅིག་གིས་ཀླད་པའི་འཆི་བ་ལ་དགག་སྟེ་གཟུགས་པོ་ཞིག་འཆི་བ་ལ་ཐག་གཅོད་དགོས་ན་དེའི་སྔོན་ལ་སྙིང་གི་འཕར་མཚམས་འཇོག་དགོས་པར་ནན་བརྗོད་བྱེད་པ་རེད།
    གསོ་རིག་དང་སྐྱེ་དངོས་རིག་པ་ཉིས་འབྲེལ་གྱི་དབྱེ་ཞིབ་པ་(bioethicists)འགའ་ཤས་ཀྱིས་མི་སྒེར་སོ་སོས་རང་གི་འཆི་བ་ལ་མཚན་ཉིད་གདམ་དགོས་པར་བཤད་ཡོད།
  རྩོད་གཞི་འདི་དག་ལ་བལྟས་ན་ཚན་རིག་པའི་ནང་དུ་འཆི་བ་ལ་ལྟ་ཚུལ་འཛིན་དུས་འཆི་བའི་རྗེས་ཀྱི་གནད་དོན་གླེང་སྐབས་ཤིག་སླེབས་མེད་པ་གསལ་ཐག་ཆོད་རེད། ད་དུང་ཆོས་ལུགས་སོགས་ཀྱིས་གཙོ་ཆེར་བྱས་ནས་ཤོད་པའི་ལུས་ལས་ལོགས་སུ་གྲུབ་པའི་སེམས་སམ་བདག་གམ་རྣམ་ཤེས་ཞེས་པ་ནི་ཚན་རིག་པའི་སྣང་ངོར་འཆར་རྒྱུ་མེད་པ་ཞིག་ཏུ་ལྷག་ཡོད། དེས་ན་ཁོ་ཚོས་འཆི་བ་ངོས་འཛིན་གྱི་རྩོད་ས་དེ་ཡང་ཀླད་པ་དང་སྙིང་སོགས་ཀྱི་བྱེད་ལས་ཉམས་མ་ཉམས་ལ་གནས་ཡོད། ཚན་རིག་པ་ཚོས་ཀླད་པ་ལས་ལོགས་སུ་སེམས་ཤིག་ཡོད་པ་ལ་གཏན་ཁེལ་བའི་རང་བཞིན་གྱིས་ཐག་མ་བཅད་རུང་དེ་མེད་ཅེས་མི་དགག་པ་ཡིན།
  ཡང་ཤི་བའི་རྗེས་སུ་རྣམ་ཤེས་སོགས་ཡོད་པར་འདོད་མཁན་གྱི་ཚན་རིག་པའང་གྲངས་ཀ་ཉུང་ཉུང་མིན། དཔེར་ན་༡༩༦༣ ལོར་ནོ་བེལ་གསོ་རིག་བྱ་དགའ་ཐོབ་པའི་ཨིན་ཇིའི་ཚན་རིག་པ་ སར ཇོན ཨེག་ཌེས(Sir John Ec-des)གྱི་དཔྱད་རྩོམ་དེ་ཉིད་ལས། "དབང་རྩའི་ཕྲ་ཕུང་ཕན་ཚུན་བར་གཟུགས་དབྱིབས་མེད་པའི་སྦྲེལ་བྱེད་ཀྱི་དངོས་པོ་ཞིག་འདུག་པ་དེ་ཉིད་རྣམ་ཤེས་ཀྱི་གྲུབ་ཆ་རེད།" ཅེས་དང་། ཡང་། "མིའི་ལུས་པོའི་ནང་དུ་བེམ་པོ་མ་ཡིན་པའི་བསམ་བློ་དང་སེམས་ཤུགས་ཀྱི་མའམ་བདག་ཅིག་ཡིབས་ནས་ཡོད། དེ་ནི་མངལ་ཆགས་པའི་གནས་སྐབས་སམ་ཆེས་ན་ཕྲ་བའི་གནས་སྐབས་སུ་མིའི་ལུས་ཀྱི་ཀླད་ཆེན་ནང་དུ་ཞུགས་པ་སྟེ། དེས་ཀླད་ཆེན་ལ་དབང་སྒྱུར་བྱེད་དེ། དཔེར་ན། མིའི་ཀླད་པས་གློག་གི་ཀླད་པ་ལ་བཀོད་འདོམས་བྱེད་པ་བཞིན་ནོ། མིའི་གཟུགས་མེད་བེམ་མིན་གྱི་རྣམ་ཤེས་དེས་གདོས་བཅས་ཤ་ཁྲག་གི་ལུས་ཀྱི་ཀླད་ཆེན་ལ་དངོས་འུ་སྐུལ་འདེད་བྱེད་པ་སྟེ། ཀླད་ཆེན་ནང་གི་ཀླད་པའི་དབང་རྩའི་པྲ་ཕུང་རྣམས་ལ་བྱ་བ་བྱེད་དུ་འཇུག་པ་ཡིན་ནོ། བེམ་མིན་རྣམ་ཤེས་ཀྱི་ངའམ་བདག་འདི་ནི་ཀླད་ཆེན་ཤི་བའི་རྗེས་སུ་ད་དུང་གནས་ལ་ཚེ་སྲོག་གི་བྱེད་ལས་ཀྱི་རྣམ་པའང་ཡོད་དེ། ནམ་ཡང་རྒྱུན་མི་ཆད་པར་གནས་རུང་ངོ་། "ཞེས་ཞིབ་རྒྱས་གསུངས་ཡོད། འདི་ནི་ཚན་རིག་པས་གསུངས་པའི་འདོད་ཚུལ་ཅུང་ཁ་གསལ་ཞིག་ཡིན་ལ། འདི་ལྟ་བུ་ལུས་
གཟུགས་ལས་ལོགས་སུ་རྣམ་ཤེས་ཡོད་པར་འདོད་མཁན་ཉོས་ཅུན་སློབ་ཆེན་གྱི་སྐད་གྲགས་ཅན་གྱི་སྐྱེ་དངོས་རིག་པ་བ་Sir Charles Sherrington སར ཆར་ལེ་ས སི་རིང་ཊོན་མཆོག་དང་། ༡༩༨༡ལོར་ནོ་བེལ་གསོ་རིག་བྱ་དགའ་ཐོབ་མཁན་སྐྱེ་དངོས་རིག་པ་རབ་འབྱམས་པ་Dr.Roger Sperryཌོག་ཊར རོ་གར ས་པེ་རི་མཆོག་དང་། དེ་དང་དེ་འདྲ་བ་མང་པོ་ཡོད་པས་འདིར་ཡིག་ཚོགས་མང་པ་ལ་འཇིགས་པས་མ་བཀོད།

༥༽ཉེ་རབས་སྐད་གྲགས་ཆོད་པའི་ཕྱི་ལོའི་སྔོན་གྱི་གནའ་བོའི་ཨེ་ཇིབ་ཡུལ་གྱི་འཆི་བའི་བསྟན་བཅོས་ནས་འཆི་བ་ལ་འདོད་ཚུལ།
 དེ་ཡང་དབྱིན་གཞུང་དཔེ་མཛོད་ཁང་གིས་བཏོན་པའི་ཨི་ཇིབ་ཡུལ་གྱི་འཆི་བའི་བསྟན་བཅོས་ཀྱི་སྔོན་འགྲོའི་ཤེས་བྱ་ཞེས་པར་ "དེབ་འདིའི་ནང་གི་སྔགས་དང་དཔེ་རིས་རྣམས་ཀྱིས་གཤིན་པོ་རྣམས་ལ་བར་དོར་འགྲིམས་དུས་ཀྱི་འཇིགས་པ་རྣམས་ལས་སྐྱོབ་ཆེད་མཁོ་བའི་ཤེས་བྱ་དང་། ནུས་མཐུ་བཅས་བྱིན་པ་ཡིན། ད་དུང་ཁོ་ཚོས་དམིགས་ཡུལ་མཐར་ཐུག་སྟེ་ཚེ་སྲོག་གི་རྒྱུན་རྟག་པ་བ་ཡང་འདོད་པ་ཡིན།" ཞེས་དང་། ད་དུང་ "འཆི་བའི་དེབ་དེའི་ནང་གཤིན་པོ་ལ་བར་དོའི་ས་བཀོད་དེ། ལྷ་དང་སྲོག་ཆགས་འཇིགས་རུང་སོགས་ཐུག་སྟེ་སྙིང་གི་ཡག་ཉེས་ཚད་འཇལ་་བྱས་ནས་སྐྱེ་བ་གཞན་ལེན་དགོས་མིན་གྱི་ཐག་གཅོད་བྱུང་སའི་སྐོར་འཁོད་ཡོད།"ཅེས་དང་།  ཡང་ "ལྷས་ནི་གཤིན་པོས་མི་ཚེ་ཇི་ལྟར་བསྐྱལ་མིན་ལ་ཞིབ་འཇལ་གྱིས་གཤིན་པོ་རྣམས་ལ་སྲོག་གི་རྒྱུན་རྟག་པ་བ་ཐོབ་ཆེད་སྐྱེ་བ་གཞན་ལེན་ཆོག་མིན་ལ་ཐག་གཅོད་བྱེད་པ་ཡིན། གཤིན་པོའི་སྙིང་རྒྱ་མ་ཞིག་གི་ནང་བདེན་པའི་གཤོག་སྒྲོ་དང་ཚད་འཇལ་བྱེད་ཅིང་། གལ་སྲིད་རྒྱ་མ་དེས་གཤིན་པོ་དེ་སྡིག་པ་དང་བྲལ་བར་བཤད་ན་དེ་ནི་བདེན་པའི་འབོད་སྒྲར་ཐག་བཅད་ཐོག་སྐྱེ་བ་ཕྱི་མ་ལེན་དུ་འཇུག་པ་ཡིན། གལ་སྲིད་སྡིག་པ་དང་ལྡན་ན་བདུད་སྲིན་གྱིས་སྙིང་དེ་བཟས་ནས་ནམ་ཡང་སྐྱེ་བ་ལེན་རྒྱུ་མེད་བར་བཟོ་བ་ཡིན།" ཞེས་སོགས་འཁོད་ཡོད་པ་འདི་དག་ལས་ཕྱི་ལོའི་སྔོན་གྱི་ལོ་ངོ་༢༦༨༦ཙམ་ལ་བརྩམས་ཤིང་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོ་ཙམ་ལ་བེད་མེད་དུ་གྱུར་བའི་གནའ་བོའི་ཨི་ཇིབ་ཡུལ་གྱི་མི་ཚོས་འཆི་བ་ལ་བཟུང་བའི་ལྟ་སྟངས་ཤིག་མངོན་གསལ་དོད་པོར་མཚོན་ཐུབ། ཁོ་ཚོས་ཀྱང་འཆི་བ་ནི་རྣམ་ཤེས་དང་ལུས་པོ་གཉིས་བྲལ་བར་ཁས་ལེན་ཞིང་། ད་དུང་སྐྱེ་བ་གཞན་ལེན་རྒྱུ་ཡོད་པའང་འདོད་པ་རེད།

༼ག༽འཆི་བ་ལ་གྲ་སྒྲིག་ཇི་ལྟར་བྱ་དགོས་སམ།

      ནང་ཆོས་ནས་འཆི་བ་ལ་གྲ་སྒྲིག་བྱ་དགོས་པ་དང་འཆི་བ་སྒོམ་དགོས་པ་ནི་ཧ་ཅང་གཙིགས་ཆེན་དུ་འཛིན་པ་ཡིན། ཐོག་མར་འཆི་བ་ལ་གྲ་སྒྲིག་ཇི་ལྟར་བྱ་དགོས་མིན་རྒྱལ་བ་རིན་པོ་ཆེའི་གསུང་དཔེ་ནང་པའི་ལྟ་སྤྱོད་ཀུན་བཏུས་ལས༼བོད་པའི་འཆི་བ་ལ་ལྟ་ཚུལ་༽ཞེས་པར། "འཆི་བ་དྲན་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད། ངས་གོང་དུ་ཞུས་པ་བཞིན་གལ་ཏེ་སྡུག་བསྔལ་དེ་ངོས་བཟུང་བ་ཡིན་ན། དེའི་རྒྱུ་འཚོལ་ཐུབ་པ་དང༌། ལྷག་དོན་དེ་ལ་གདོང་ལེན་བྱས་ན་ཁ་གཏད་གཅོག་ཐུབ། ནམ་ཞིག་གི་ཚེ་ན་འཆི་བ་ནི་སླེབས་ངེས་ཡིན། ང་ཚོས་འདི་མི་འདོད་ཀྱང༌། ང་ཚོ་ཇི་སྲིད་ཟག་བཅས་ཀྱི་ལས་དང་ཉོན་མོངས་ཀྱི་གཞན་དབང་དུ་གྱུར་པ་དེ་སྲིད་དུ་དེ་དག་ངེས་པར་དུ་ཡོང་རྒྱུ་ཡིན། དེའི་ཕྱིར་ཐོག་མ་ཉིད་ནས་འཆི་བ་བསམས་ནས་གྲ་སྒྲིག་ཆ་ཚང་ཞིག་བྱེད་ཐུབ་ན། འཆི་བ་ངོ་མ་སླེབས་པའི་སྐབས་ལ་ཕན་ཐོགས་ཡོད། དེ་ནི་འཆི་བ་དྲན་པའི་དགོས་པ་ཡིན།" ཞེས་གསུངས་པ་འདི་ནས་འཆི་བ་ལ་གྲ་སྒྲིག་ཡག་ཤོས་ནི་འཆི་བའི་སྐོར་ལ་རྒྱུས་མངའ་མང་ཙམ་རག་པར་བྱ་རྒྱུ་དེ་ཡིན་པ་དང་། དེ་དྲན་ནས་གོམས་པར་བྱ་རྒྱུ་དེ་ཡིན་པ་རེད།
ཡང་སྐྱར་ "རྟག་འཛིན་བློ་ཤུགས་ཆུང་དུ་བཏང་ན། ཚེ་འདི་ལ་ཞེན་ཆགས་ཆུང་དུ་འགྲོ་ཞིང༌། དེ་བཞིན་སེམས་ཀྱི་ནང་མི་རྟག་པའི་བསམ་བློ་གནས་ཐུབ་པ་ཡིན་ན། དངོས་པོའི་རང་བཞིན་འཇིག་རྒྱུ་ཡིན་པར་མཐོང་བ་འདིས་འཆི་བ་ངོ་མ་སླེབས་སྐབས་སུ་ཕལ་ཆེར་འཇིགས་སྣང་ཆེན་པོ་མི་ཡོང༌།"ཞེས་འཆི་བ་ལ་འཇིགས་པ་ཉུང་དུ་གཏོང་ཕྱིར་ཞེན་ཆགས་སྤང་རྒྱུ་སྟེ། རྟག་འཛིན་སྤང་དགོས་པ་གསུངས།
          ཡང་རྡོ་གྲུབ་ཆེན་བསྟན་པའི་ཉི་མས་མཛད་པའི་༼འཆི་ཁ་མའི་མན་ངག༽ཅེས་པར "སྔ་ཕྱི་ནམ་ཤི་ཡང་རུང་སྟེ། ལུས་དང་ལོངས་སྤྱོད་ཐམས་ཅད་མཐར་འདོར་བའི་ཆོས་ཁོ་ན་ལས་མ་འདས་ཏེ། འདི་ནི་འཇིག་རྟེན་སྤྱི་ཡི་ཆོས་ཉིད་ཡིན་ནོ་ཞེས་མང་དུ་བསམ་ལ། ཆགས་ཞེན་གྱི་འཁྲི་བ་རྦད་ཀྱིས་བཅད། ཚེ་རབས་གཞན་དང་འདི་ཉིད་ཀྱི་རིང་ལ་འདུས་བྱས་པའི་སྡིག་པ་དང་། བཅས་འགལ་གྱི་ལྟུང་བ་དྲན་མི་དྲན་ཐམས་ཅད་བཤགས་ཤིང་། སྡོམ་སེམས་མང་དུ་བསྟེན། དེ་ནས་འཆི་བ་ལ་ཞེ་འཚེར་མེད་པར་རིག་པ་གཟེངས་བསྟོད་དེ་སྤྲོ་སིང་ངེ་བ་བྱས་ལ། སྔར་ཕན་ཆོད་དགེ་སྦྱོར་ཅི་ལྟར་བྱས་པ་རྣམས་ཡིད་ལ་བྱས་ཏེ། རློམ་སེམས་དང་བྲལ་བའི་ཡི་རང་མང་དུ་བསྒོམ་ཞིང༌།" ཞེས་གསུངས་པ་དེ་ནས་འཆི་བའི་དུས་ལ་བབས་པའི་ཚེ་གཙོ་བོ་ཆགས་སྡང་གི་བློ་ཡོངས་སུ་སྤངས་ནས་རང་གིས་བྱས་པའི་དགེ་བ་རྣམས་ལ་རྗེས་སུ་ཡོད་རང་བྱ་རྒྱུ་དེ་ཡིན་པ་རེད།
      དེ་སང་ནུབ་ཕྱོགས་སུ་སྙན་གྲགས་འབར་བའི་བསོད་རྒྱལ་རིན་པོ་ཆེའི་གསུང་རྩོམ་༼བོད་ཀྱི་སྐྱེ་འཆིའི་བསྟན་བཅོས༽ཞེས་པར་འཅི་ཁར་སྡུག་བསྔལ་ཆེ་བའི་མི་ཞིག་ལ་གྲ་སྒྲིག་ཇི་ལྟར་བྱ་དགོས་གསུངས་ཡོད་ཅེ་ན། "ཁྱེད་རང་སྡུག་ག་འདྲ་ཞིག་ལ་ལྷུང་ཡོད་པ་ངས་ཤེས། འཇིག་རྟེན་གྱི་སེམས་ཅན་ཡོད་ཚད་ཁྱོད་ཀྱི་སྡུག་དང་འདྲ་བར་མྱོང་བཞིན་པ་དང་དེ་ལས་ཀྱང་སྡུག་བསྔལ་མང་བ་མྱོང་བཞིན་པ་སོམས་དང་། དེ་དག་ཡོད་ཚད་ལ་སེམས་ནས་སྙིང་རྗེ་སྒོམས་ཏེ། ཁྱེད་རང་གིས་དད་པ་བྱ་ཡུལ་གང་ཡིན་ནའང་དེ་ལ་རང་གི་སྡུག་བསྔལ་འདིས་ནི་སེམས་ཅན་དེ་དག་སྡུག་བསྔལ་ལས་གྲོལ་བའི་རྒྱུར་གྱུར་ཅིག་ཅེས་གསོལ་བ་ཐོབས། ཡང་ནས་ཡང་དུ་ཁྱེད་རང་གི་སྡུག་བསྔལ་དེས་གཞན་རྣམས་དེ་ལས་གྲོལ་བར་བསྔོ་བ་གྱིས་དང་། དེ་ནས་ཁྱེད་རང་ལ་ནམ་རྒྱུན་སྐྱེད་རྒྱུར་དཀའ་བའི་སྙིང་རྗེ་སྐྱེད་ནས་ཁྱེད་ཉིད་ལ་ནུས་པའི་འབྱུང་ཁུངས་ཤིག་ཡོད་པར་ངོས་འཛིན་སླེབས་འོང་། ཐེ་ཚོམས་ཀྱི་གྲིབ་ནག་དང་བྲལ་ནས་ཁྱེེད་ཀྱི་སྡུག་བསྔལ་དེ་ཚུད་ཟོས་མ་ཡིན་པར་དེ་ལ་རིན་ཐང་དཔེ་མེད་ལྡན་པ་རྟོགས་འོང་།" ཞེས་བཀའ་སློབ་རིན་ཐང་བྲལ་བ་གནང་ཡོད། འདིའི་སྟེང་ནས་འཆི་ཁའི་སྡུག་བསྔལ་ལས་ཐར་ཐབས་གཅིག་རང་ཡོད་པ་དེ་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ལེན་བྱས་ཏེ་དེ་དག་གི་སྡུག་བསྔལ་ལ་བསམ་རྒྱུ་ནི་མཆོག་ཏུ་གྱུར་བ་ཞིག་ཡིན་པ་འདྲ།

                ༼ང༽འཆི་རྗེས་ཀྱི་གནད་དོན།

    འཆི་བའི་རྗེས་ཀྱི་གནད་དོན་ཐོག་ནས་གླེང་དགོས་པའི་རྒྱུ་མཚན་གཙོ་བོ་གཉིས་ཡོད།
      དེ་ཡང་དང་པོ་རུ་དེང་སང་གི་དུས་རབས་འདིར་འཆི་བའི་རྗེས་ཀྱི་གནད་དོན་ནི་ཆོས་ལུགས་སོགས་ནས་བཤད་པའི་སྐྱེ་བ་ཕྱི་མ་སོགས་ལ་ཡིད་ཆེས་མེད་པར་དེའི་ཐོག་ལ་བསམ་བློའི་གོམས་འདྲིས་ཙམ་ཡང་མེད་པས་འཆི་རྒྱུ་ལ་འཇིགས་སྣང་ཚད་མེད་སྐྱེ་བ་དང་འཆི་ཁར་གཤིན་པོ་གསོན་པོ་ཡོད་ཚད་ལ་སྡུག་ཧ་ཅང་ཆེན་པོ་མྱོང་བཞིན་ཡོད་པས་དཀའ་ངལ་དེ་བསེལ་ཐབས་ལ་འཆི་བའི་རྗེས་ཀྱི་གནད་དོན་ལ་རྒྱུས་མངའ་ཡོད་དགོས།  

གཉིས་པ་རུ་ཆོས་ལུགས་མང་པོ་ཞིག་ནས་གསུངས་པའི་ལས་ཀྱི་དགེ་སྡིག་དང་སྐྱེ་བ་སྔ་ཕྱི་སོགས་ལ་ཡིད་ཆེས་མེད་པའི་རྐྱེན་གྱིས་མི་མང་པོ་ཞིག་གིས་རང་འདོད་ཁོ་ན་གཙོར་བཟུང་ཐོག་གཞན་ཕན་དང་བསམ་གཞིགས་སོགས་མེད་པར་སྤྱི་ཚོགས་ནང་དུ་བྱ་བ་འཚེ་བ་ཅན་ཁོ་ན་སྤེལ་བས་དེ་དག་གི་གཉེན་པོ་མེད་དུ་མི་རུང་བ་ཞིག་ནི་འཆི་བའི་རྗེས་ཀྱི་གནད་དོན་མང་པོ་ཤེས་རྒྱུ་དེའོ།
       ནང་ཆོས་ནང་དུ་རྣམ་ཤེས་ལ་ཐོག་མཐའ་མེད་པར་བཞེད་པས་འཆི་བའི་རྗེས་སུ་རྣམ་ཤེས་བེམ་པོ་དང་ལོགས་སུ་ཁ་བྲལ་ནས་བར་དོ་འགྲིམ་དགོས་ཚུལ་གསུངས་ཡོད། གོང་དུ་དྲངས་ཟིན་པའི་ཁ་ཆེ་དང་། ཡི་ཤུ་ཆོས་ལུགས། གནའ་བོའི་ཨི་ཇིབ་ཀྱི་ཆོས་ལུགས་སོགས་ཀྱིས་ཀྱང་ཤི་བའི་རྗེས་སུ་བདག་གམ་རྣམ་ཤེས་ཡོད་པར་འདོད་པ་མ་ཚད་རང་རང་གི་ཆོས་ལུགས་ཀྱི་ལམ་ལུགས་ལྟར་དམྱལ་བ་དང་ལྷ་ཡུལ་ཞེས་པ་རེ་རེ་ཡོད་པར་སྨྲ་མཁན་ཁོ་ན་ཡིན།
   དེ་ལས་ནང་ཆོས་དང་བོན་ཆོས་ཉིས་སུ་སུ་ཧ་ཅང་ཞིབ་ཅིང་རྒྱས་པར་བཀོད་ཡོད། དཔེར་ན་འཆི་བའི་རྗེས་ཀྱི་གནད་དོན་དེ་རང་ལ་དམིགས་བཀར་གྱིས་གླེང་པའི་བར་དོ་ཞེས་པའི་ལེ་ཚན་ཞིག་ཡོད། ལེ་ཚན་འདི་ད་ལྟའི་བོན་ཆོས་ཀྱི་ཁོངས་སུའང་ཞིབ་པར་གླེང་ཡོད།
         སྤྱིར་བཏང་བར་དོ་ནི་འཆི་བ་ནས་སྐྱེ་བ་གཞན་ཞིག་མ་བླངས་པའི་བར་གྱི་ལམ་དེར་འབོད་པ་ཡིན། དེ་ཡང་དམ་པའི་ཆོས་མངོན་པ་ལས་བར་སྲིད་ཀྱི་སེམས་ཅན་ནི། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༎དབང་པོ་ཀུན་ཚངས་ཐོགས་མེད་རྒྱུ༎ ཞེས་གསུངས་པ་ལྟར་ཡིན་པ་དང་། ལུང་དོན་དེ་གཞིར་བཞག་ནས་གསང་སྔགས་ཀྱི་ལུགས་བར་དོ་ཐོས་གྲོལ་གྱི་སྐབས་སུ་བར་དོའི་སེམས་ཅན་ལ་ངོ་སྤྲོད་བཏབ་ན་མི་གསོན་པོ་ལ་ངོ་སྤྲོད་བཏབ་པ་ལས་ཀྱང་ཕན་ཐོགས་ཆེ་བར་རྒྱུ་མཚན་རྣམ་གྲངས་ལྔ་དྲངས་ཡོད། དེ་རྣམས་ནི་མི་ཉག་པ་རྡོ་རྗེ་ཚེ་སྲུང་གིས་སྤེལ་བའི་༼བར་དོའི་ངོ་སྤྲོད་༽ལས "ལས་ཀྱི་རྗུ་འཕྲུལ་ལམ་ཟག་བཅས་ཀྱི་མངོན་ཤེས་ཡོད་སྟབས་ངོ་སྤྲོད་པ་པོས་གང་ཞིག་ངོ་སྤྲད་ཀྱང་ཤེས་ནུས་པ་དང་གཅིག དབང་པོ་ཀུན་ཚང་ཡིན་པས་འོན་ལོང་རིག་པ་མི་གསལ་བ་སོགས་ནང་གི་འགོག་རྐྱེན་མེད་པས་ཅི་སྨྲས་པ་གོ་ནུས་པ་དང་གཉིས། བར་དོའི་འཇིགས་སྐྲག་དང་དང་སྡུག་བསྔལ་མང་པོས་གདུང་བས་སྐྱབས་གནས་འཚོལ་བཞིན་ཡོད་པས་ངོ་སྤྲོད་པ་པོས་ཅི་སྨྲས་ལ་ཉན་པ་དང་གསུམ། རྣམ་པར་ཤེས་པ་ལ་ལུས་རགས་པའི་རྟེན་མེད་པས་ཡིད་ཀྱི་འདུན་པ་གར་གཏད་ལ་སླེབས་ནུས་པས་ཁ་ལོ་བསྒྱུར་སླ་བ་དང་བཞི། གསོན་པའི་དུས་ལྟར་མ་ཡིན་པར་རིག་པ་དགུ་འགྱུར་གྱིས་གསལ་བས་ངོ་སྤྲོད་པ་པོས་གསལ་འདེབས་ཅི་བྱས་གཤིན་པོས་སྒོམ་ཤེས་པ་དང་ལྔ།" ཞེས་བར་དོའི་གནས་སྐབས་སུ་ནུས་པ་ཆེ་ཚུལ་གྱི་རྒྱུ་མཚན་གསུངས་པ་དེ་ནས་བར་དོའི་སྐབས་སུ་རྣམ་ཤེས་ཀྱི་གནས་སྟངས་གསལ་བོར་རྟོགས་ཐུབ། དེ་ཡང་བར་དོ་ཐོས་གྲོལ་ཆེན་མོ་ལས་གསུངས་པ་ལྟར་བར་དོའི་སྐབས་ཀྱི་གཟུགས་ནི་ཡིད་གཟུགས་ཡིན་ཞིང་རྫུ་འཕྲུལ་ཅུང་མངའ་བ་མ་ཚད་རང་གིས་གང་འདོད་པ་དེ་རང་འོང་བ་དང་གང་དུ་འགྲོ་འདོད་སྐྱེས་པ་དེ་རང་ལ་ལམ་སང་སླེབ་པར་བཤད། འོན་ཀྱང་གསོན་པོ་རྣམས་དང་འབྲེལ་འདྲིས་བྱ་མི་ཐུབ་པ་དང་། སྐབས་འདིའི་གནས་སྐབས་སུ་བྱུང་བའི་འཇིགས་རུང་གི་བྱུང་བ་ཡོད་ཚད་ལ་མ་སྐྲག་པར་དཀོན་མཆོག་སོགས་ལ་གསོལ་བ་བཏབ་ཐོག་ཆགས་ཞེན་སྤངས་ནས་རང་སེམས་སྟོང་བ་ཡིན་པ་སོགས་སྒོམ་ཐུབ་ན་སངས་རྒྱས་སོགས་མཐོ་རིས་ཀྱི་གནས་སུ་ལམ་སང་སླེབ་པར་བཞེད་པ་ཡིན། དེས་ན་འཆི་ཁར་སྨོན་ལམ་བཟང་པོ་བཏབ་ནས་འཆི་དགོས་པ་ནང་བསྟན་གཞུང་ནས་ནན་ཏན་དུ་གསུངས་ཡོད།
   བོད་ཡུལ་དུ་༼བར་དོ་ཐོས་གྲོལ་ཆེན་མོ་༽ཞེས་པའི་གསུང་ཞིག་ཡོད་པ་དེ་རུ་ཧ་ཅང་ཞིབ་ཅིང་ཕྲ་བར་གསུངས་ཡོད། བར་དོ་ཐོས་གྲོལ་ཆེན་མོ་ནི་དུས་རབས་བཅུ་བཞི་པའི་ནང་དུ་དྭགས་པོའི་ཡུལ་དུ་བྱོན་པའི་རྙིང་མའི་གྲུབ་ཐོབ་ཆེན་མོ་ཀརྨ་གླིང་པས་གཏེར་ནས་བཏོན་པར་བཞེད་པ་ཡིན། དེ་ཡང་མན་ངག་འདིའི་ལུགས་ལ་ཤི་གསོན་གྱི་གནས་སྐབས་ཐམས་ཅད་སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ།། སྲིད་པ་བར་དོ་བཅས་བར་དོ་དྲུག་གི་རང་བཞིན་དུ་གཏན་ལ་ཕབ་ནས་བར་དོ་རེ་རེ་བཞིན་དུ་ཉམས་ལེན་གྱི་གནད་རེ་རེ་བསྟན་ནས་གྲོལ་བའི་གོ་སྐབས་དྲུག་གསུངས་ཡོད།  དེ་ཡང་བར་དོ་ཐོས་གྲོལ་ཆེན་མོ་ལས་སྲིད་པའི་བར་དོའི་སྐབས་ཏེ་ང་ཚོས་བཤོད་པའི་མི་ཕལ་བ་འཆི་རྗེས་ཀྱི་གནད་དོན་གླེང་སྐབས "བར་དོར་སྐྱེས་པའི་རིགས་མཐུན་པའི་ནང་ཚོན་རྣམས་གཅིག་གིས་གཅིག་མཐོང་བ་འོང་ངོ་༴དེ་ཡང་ལྷར་སྐྱེ་བ་རིགས་མཐུན་པ་ཡིན་ན་ནི་ལྷ་གཅིག་གིས་གཅིག་མཐོང་༴དེ་བཞིན་དུ་རིགས་དྲུག་གང་དུ་སྐྱེ་བ་དེའི་རིགས་མཐུན་པ་རྣམས༴གཅིག་གིས་གཅིག་མཐོང་ནས་འོང་པས༴དེ་ལ་མ་ཞེན་པར་ཐུགས་རྗེ་ཆེན་པོ་སྒོམས་ཤིག༴"  ཞེས་གུངས་པ་འདི་ནས་བར་དོའི་སྣང་བ་ཅི་ཡིན་པ་དང་། དེ་བཞིན་ཡང་། དེ་ལྟ་བུའི་བར་དོའི་གནས་སྐབས་སུ་སྲོག་ཆགས་གདུག་པ་ཅན་སོགས་ཀྱི་འཇིགས་པ་སོགས་ཡོང་བ་དང་དེ་དག་ལ་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐོག་བར་དོ་ཐོས་གྲོལ་ཆེན་མོ་ལས "དུམ་བུར་བཏུབས་ཀྱང་སོས་ནས་འོང་ངོ༴ཡང་ཡང་གཏུབས་པས་སྡུག་བསྔལ་ཆེན་པོ་འོང་བས༴དུས་དེ་ཙ་ན་རྡའུ་འདྲེན་ནས་འདུག་ཀྱང་ཁྱོད་རང་མ་ཞེད་ཅིག༴མ་སྐྲག་ཅིག༴བརྫུན་མ་ཟེར་བར་གཤིན་རྗེ་ལ་མ་འཇིགས་ཤིག༴ཁྱོད་ཡིད་ཀྱི་ལུས་ཡིན་པས་བསད་དང་བཏུབས་པ་བྱུང་ཡང་འཆི་རྒྱུ་མེད་དོ༴དོན་ལ་ཁྱོད་སྟོང་པའི་རང་གཟུགས་ཡིན་པས་ཞེད་མི་དགོས༴གཤིན་རྗེ་རྣམས་ཀྱང་རང་སྣང་འཁྲུལ་བ་སྟོང་བའི་རང་གཟུགས་ཡིན་ནོ༴ཁྱོད་རང་བག་ཆགས་ཀྱིས་ལུས་སྟོང་པ་ཡིན་པས༴སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་གླགས་མི་རྙེད་དོ༴རང་གི་འཁྲུལ་སྣང་མ་ཡིན་པའི་ལོགས་ནས་ཕྱི་རོལ་དུ་གཤིན་རྗེ་དང༴ལྷ་དང༴འདྲེ་དང་༴རང་ཤ་གླང་མགོ་ལ་སོགས་པ་དངོས་སུ་གྲུབ་པ་མེད་པ་ངོ་ཤེས་པར་གྱིས་ཤིག༴དེ་ཙ་ན་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག༴" ཞེས་གསུངས་པ་ནས་བར་དོའི་གནས་སྐབས་སུ་ཡོད་ཚད་ཡིད་གཟུགས་ལས་མ་འདས་པས་དེའི་སྐབས་སུ་གང་ལ་ཡང་ཆགས་སྡང་དང་འཇིགས་སྐྲག་མ་སྐྱེས་པར་སངས་རྒྱས་སོགས་སྒོམ་ན་ངན་འགྲོར་སྐྱེ་མི་དགོས་པར་གསུངས།

༼ཅ༽འཆི་བ་ལ་བསམས་ཏེ་ཇི་ལྟར་འཚོ་དགོས་སམ།
 
 འཆི་བ་མི་རྟག་པ་སྒོམ་རྒྱུ་ནི་ནང་ཆོས་ལ་མཚོན་ན་ཧ་ཅང་མེད་དུ་མི་རུང་བའི་ཉམས་ལེན་གནད་འགག་ཆེ་ཤོས་ཤིག་ཡིན། ཅིའི་ཕྱིར་ཡིན་ནམ་ཞེ་ན་ནང་ཆོས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་མྱང་དགོས་པ་ཡོད་ཚད་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དབང་གིས་བྱུང་བར་ཤོད་ཅིང་དེ་དག་སྤང་རྒྱུ་དང་། མ་རིག་པ་འཇོམས་རྒྱུ་ནི་ནང་ཆོས་ནས་གཙོ་བོར་གསུངས་ཡོད། དེ་དག་འཇོམས་པར་བྱེད་པ་ལ་ཆགས་སྡང་སྐྱེ་གཞིའི་ཡུལ་དེའི་སྐྱུག་དྲོ་བའི་ཆ་རྣམས་ལ་བསམ་བློ་ཡང་ཡང་བཏང་ནས་དོནམདངོས་ཡིན་པ་སེམས་པར་ར་ཕྲོད་ཚེ་གཞི་ནས་དེ་དག་སྤོང་ཐུབ། དེ་ད་གི་ནང་ནས་འཆི་བ་ནི་ཆོས་ཉིད་གཙོ་བོ་ཞིག་ཡིན་པས་དེ་ཡོང་ངེས་པ་ལ་བསམས་ཏེ་འཇིག་རྟེན་པའི་ཆོས་ལ་ཞེན་ཆགས་སྐྱེ་མི་རུང་བར་གསུངས།
        འཆི་བ་དེ་ཡང་འོང་ངེས་པ། རྐྱེན་མ་ངེས་པ། དུས་མ་ངེས་པ་བཅས་ཀྱི་སྒོ་ནསནང་ཆོས་སུ་ཞིབ་པར་གསུངས་ཡོད།
 འཆི་བ་མི་རྟག་པ་སྒོམ་དགོས་པའི་དགོས་པ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས "འཆི་བ་མི་རྟག་པ་གཤའ་མ་གཅིག་དྲན་ན་ཅིས་ཀྱང་དགོས་མེད་ཀྱི་བློ་བསྐྱེད། ཏར་ལམ་ལ་བརྩོན་པར་འཇུག ཡང་དག་གི་བླ་མ་འཚོལ། མི་དགེ་བ་ལ་ངང་གིས་འབྱོལ། ཡོ་བྱད་ལ་འཛིན་ཆགས་མེད། འདུ་འཛི་ལ་བདུད་ཏུ་ལྟ། དེ་ཙ་ན་ཡོན་ཏན་ཐམས་ཅད་རྒྱུད་ལ་སྤུངས་པ་བཞིན་དུ་འོངས་སྟེ།" ཞེས་གསུངས་པ་ནས་ནང་ཆོས་སུ་འཆི་བ་མི་རྟག་པ་སྒོམ་རྒྱུ་ནི་ཇི་ཙམ་གལ་ཆེན་ཡིན་པ་རང་ཤུགས་ཀྱིས་རྟོགས་འོང་།
       འཆི་བ་བསམ་ནས་མི་ཚེ་ཇི་ལྟར་སྐྱེལ་དགོས་མིན་ལ་རྒྱལ་བ་མདོ་ཁམས་པ་ཆེན་པོ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་༼ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོའི་ཁྲིད་ཡིག༽ལས། "ད་ལྟ་རང་ཞིག་འཆི་རྒྱུ་མེད་པ་འདྲ་ཞིག་བསམ་པ་བྱས། དོན་མེད་ཅིག་ལ་མི་ཚེ་སྐྱལ་ཏེ། ཟིན་མེད་ཀྱི་ལས་དང་ཕུང་བྱེད་ཀྱི་ལས་སྡིག་པ་མི་དགེ་བ་གསོད་གཅོད་རྐུ་འཕྲོག་བཅོམ་གསུམ་འཛིང་རྩོད་སོགས་རང་གིས་རང་བརླག་ཅིག་རང་ལ་འབད་པས་ལོ་དང་ཟླ་བ་གར་སོང་མ་རིག་པའི་མི་ཚེ་ཟད་ཚར་བར་བྱས།" ཞེས་སོགས་རྒྱས་པར་གསུངས་ཡོད་པས་འཆི་བ་ནི་ནམ་འོང་ཆ་མེད་དང་། འོང་ངེས་པ།་རྐྱེན་མ་ངེས་པ་བཅས་ཡིད་ལ་ངེས་པར་བྱས་ནས་རང་གཞན་ལ་ཕན་པའི་བྱ་བ་ག་ཚོད་ཐུབ་ཐུབ་སྒྲུབ་དགོས་པ་ལས་དུས་འདའ་བ་དང་བྱ་བ་ངན་པ་སོགས་བྱས་ན་སྐྱེས་པ་ལ་དོན་རྙིང་མེད་པར་འགྱུར་བ་ནི་བདེན་པ་བདེན་ཐུག་ཡིན།
         ནང་ཆོས་ལ་མཚོན་ན་མི་ལུས་ཐོབ་དཀའ་བ་ནི་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་རྒྱས་པར་གསུངས་ཡོད་པས་འདིར་མ་བཤད། སྤྱིར་བཏང་མིའི་སྣང་ངོར་ཡང་མི་ལུས་ནི་སྐྱེས་ནས་རྫོགས་རྒྱུ་ཞིག་ལས་གོ་སྐབས་དེ་སྐྱར་དུ་ཡོང་རྒྱུ་ཡོད་པ་ཞིག་སུ་གང་གིས་ངོས་འཛིན་མི་བྱེད་པ་ཡིན། དེས་ན་མི་ཚེའི་དུས་ཚོད་འདི་ལེགས་པར་བེད་སྤྱོད་གཏོང་དགོས་ན་འཆི་བ་སྒོམ་ན་དུས་ཚོད་ཐུང་ངུ་ལས་མེད་པ་དང་དེ་འཕྲོ་བརླག་གཏོང་མི་རིགས་པ་ངང་གིས་རྟོགས་འོང་རྒྱུ་ངེས་པ་རེད།
       དེ་ཡང་དེང་སང་སྐད་གྲགས་ཆེ་བའི་ཀུ་ཤུ་རྟགས་ཅན་གྱི་བདག་པོ་འདས་པོ་Steve Job སི་ཊིབ་ཇོབ་ཀྱིས་ཀྱང་༼རང་གི་སྐད་ཆ་འདི་དག་གདམས་ངག་ཡིན།༽ཞེས་པའི་གསུང་བཤད་དེར་འདི་ལྟར་གསུང་མྱོང་སྟེ། "ང་ནི་མགྱོགས་པོར་འཆི་རྒྱུ་རེད་སྙམ་པའི་དྲན་གསོ་བྱ་རྒྱུ་དེ་ནི་མི་ཚེའི་འདམ་ག་ཆེན་མོ་རྣམས་བྱེད་པར་ཕན་ཐོགས་ལྡན་པའི་ལག་ཆ་གལ་ཆེ་ཤོས་ཡིན། ལག་ཆ་དེ་ང་ལ་འཕྲད་བྱུང་། གང་ཡིན་ཞེ་ན་ཕྱིའི་རེ་དོགས་དང་། ཁེངས་རློམ། བར་ཆད་ཡང་ན། ཕམ་ཁའི་འཇིགས་སྣང་སོགས་ཡོད་ཚད་འཆི་བའི་ཚེ་དོན་དངོས་ཀྱི་གལ་ཆེན་རེ་འགའ་མ་གཏོགས་གཞན་ཡོད་ཚད་འཇིག་པར་འགྱུར་བ་ཡིན། རང་གི་བདོག་པ་གཞན་ལ་ཤོར་ཡོང་སྙམ་པའི་དྲ་བ་དེ་ལས་གཡོལ་བར་ངས་ཧ་གོ་པའི་ཐབས་མཆོག་ནི་རང་ཉིད་འཆི་རྒྱུ་རེད་སྙམ་པའི་དྲན་པ་སྐྱེད་རྒྱུ་དེའོ། ཁྱོད་རང་སྔ་ས་ནས་གཅེར་བུར་གནས་ཡོད།  ཁྱོད་ཀྱིས་སེམས་ཀྱི་རྗེས་སུ་མི་འབྲང་རྒྱུར་རྒྱུ་མཚན་གང་ཡང་མེད།" ཁོང་གི་འཛམ་གླིང་འདིར་དེ་ཙམ་རྒྱུན་རིང་པོ་བཞུགས་མེད་ཀྱང་དུས་ཡུན་དེའི་རིང་གསར་གཏོད་སྐྱེ་བོ་ཀུན་གྱིས་བསྔགས་པར་འོས་པ་མང་པོ་ཞིག་བྱས་པ་དེ་དག་ཡོང་རྫོགས་འཆི་བ་སྒོམས་ནས་བྱུང་བ་སྐུ་དངོས་ཀྱིས་གསུངས་པ་རེད།
 ད་དུང་འཆི་བ་མི་རྟག་པ་སྒོམ་ནས་སེམས་ལ་ངེས་པ་བྱས་ན་རིམ་པས་དེ་ནི་ཆོས་ཉིད་ཅིག་ཡིན་པ་ངེས་ཤེས་འདྲོངས་འོང་པས་མི་རྟག་པའི་གནས་སྐབས་ཅི་ཞིག་བྱུང་རུང་དེ་ལ་འཇིགས་པ་མི་འབྱུང་ཞིང་དེ་ལ་བག་ཕེབས་ངང་ནས་གདོང་ལེན་བྱེད་ཕོད་པར་འགྱུར་ལ་། དེ་སྔོན་དེ་དག་ལ་བཅངས་པའི་འཇིགས་སྣང་དེ་མེད་པར་ཡལ་འགྲོ་བ་ཡིན།

༼ཇ༽མཇུག་གཏམ།

ཉེ་ཆར་ནས་རང་ཉིད་ལ་འཆི་བའི་སྐོར་ཤེས་འདོད་པའི་འདུན་པ་འགོག་ཏུ་མེད་པ་ཞིག་གི་རྐྱེན་བྱས་ནས་ད་ལམ་ཆོས་ལུགས་གྲུབ་མཐའ་ཁག་དང་མཁས་དབང་ཁག་གང་ཙམ་ཞིག་གི་གསུང་ལ་མཇལ་རྒྱུའི་གོ་སྐབས་བཙལ་ཏེ་འདིར་འགོད་རྒྱུ་བྱུང་བ་དང་ཤེས་བྱ་གང་མང་རག་པར་རང་འདོད་གྲུབ་སོང་།
    རྩོམ་ཡིག་འདི་སྤེལ་བའི་རྗེས་ད་ཆ་ངས་རང་ཉིད་ལ་བློ་སྐྱེད་གཅིག་རག་པ་ནི། འཆི་བ་ནི་སྐྱེས་བའི་ཆོས་ཀུན་ལ་ངེས་པ་ཆོས་ཉིད་ཡིན་པས་དེ་ལ་བསམས་ཏེ་མི་ཚེའི་རྩ་ཆེ་བའི་དུས་ཚོད་རྣམས་ཇི་ལྟར་བེད་སྤྱོད་དགོས་པ་དང་། འཆི་བའི་འཇིགས་པ་ལ་གདོང་ཇི་ལྟར་གཏད་དགོས་པ་བཅས་ཡིན། འདི་ལྟར་མཇུག་བསྒྲིལ་བར་བྱས་སོ།།
        ངག་དབང་ལྷུན་འགྲུབ་ཀྱིས་༢༠༡༤ཟླ༣ཚེས༡༡ཉིན་བྲིས།

࿉དཔྱད་གཞིའི་ཡིག་ཆ་ཁག་དང་འབྲེལ་བའི་གསལ་བཤད།
གོང་གི་ཁ་ཆེ་དང་། ཧིན་དྷུ། ཨི་ཇིབ། ཚན་རིག བསོད་རྒྱལ་རིན་པོ་ཆེའི་གསུང་། དགེ་བཤེས་སྐལ་བཟང་རྒྱ་མཚོའི་གསུང་རྩོམ་བཅས་ནི་མ་ཡིག་ཨིན་ཡིག་ཐོག་འདུག་པས་རང་གིས་བསྒྱུར་ཁུལ་བྱས་པ་ཡིན་པས་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།

འཆི་བ་གླེང་བའི་རྩོམ་གྱི་དཔྱད་གཞིའི་ཡིག་ཆ་ཁག་ནི།
༡༽རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག
༢༽རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་།
༣༽རྒྱལ་བ་རིན་པོ་ཆེའི་གསུང་ནང་པའི་ལྟ་སྤྱོད་ཀུན་བཏུས།
༤༽གཏེར་སྟོན་ཀརྨ་གླིང་པའི་བར་དོ་ཐོས་གྲོལ་ཆེན་མོ།
༥༽བསོད་རྒྱལ་རིན་པོ་ཆེའི་དབྱིན་སྐད་ཐོག་གི་བོད་ཀྱི་སྐྱེ་འཆིའི་བསྟན་བཅོས།
༦༽རྗེ་བཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོ།
༧༽རྒྱལ་བ་མདོ་ཁམས་པ་འགྲོ་འདུལ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་སྔོན་འགྲོའི་ཁྲིད་ཡིག།
༨༽རབ་འབྱམས་པཕ་རོག་ཀུ ཨེ ཁན་གྱི་རྩོམ་ཡིགFaroque A khan
Definition of death in islam can death of brain be the criteria of death in Islam
ཁ་ཆེའི་ཆོས་ལུགས་ཀྱི་འཆི་བའི་མཚན་ཉིད་དེ། ཁ་ཆེ་བས་ཀླད་ཆེན་ཉམས་པ་ནི་འཆི་བའི་མཚན་མར་འདོད་དམ་ཞེས་པ།
༩༽ཨ་རིའི་ཧིན་དྷུའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ སུ་བྷ་ས་ ཨར ཏི་ཝར་གྱི་བརྩམས་ཆོས་༼ཧིན་དྷུས་འཆི་བ་ལྟ་ཚུལ༽ཞེས་པ།
༡༠༽༢༠༠༧ལོའི་ཟླ་བ་བཅུ་པའི་ནང་/གསར་སྐྱེས་ཚན་རིག་པ/ཞེས་པའི་དྲྭ་རྒྱའི་ཐོག་ཏུ་ཚན་རིག་པ་ཇོ། མར་ཆེནཊ་དང་། ལུ་སི། མི་ཌལ་ཊོན་རྣམ་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་སྤེལ་བའི་འཆི་བའི་འགྲེལ་བཤད་ཅེས་པ།
༡༡༽དབྱིན་གཞུང་དཔེ་མཛོད་ཁང་ནས་དཔར་བའི་ཕྱི་ལོའི་སྔོན་གྱི་གནའ་བོའི་ཨི་ཇིབ་ཡུལ་གྱི་འཆི་བའི་བསྟན་བཅོས་ཀྱི་ངོ་སྤྲོད།
༡༢༽དགེ་བཤེས་སྐལ་བཟང་རྒྱ་མཚོའི་གསུང་རྩོམ༼དེང་རབས་ཀྱི་ནང་ཆོས་བྱང་སེམས་དང་ཤེས་རབ་ཀྱི་ལམ་སྟོན།༽ཞེས་པ་དབྱིན་ཡིག་ཐོག་ཡོད།
༡༣༽ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་༼བར་དོའི་གདམས་པ་ཚངས་སྤྲུགས་སུ་གདབ་པ་གནད་ཀྱི་མན་ངག༽
༡༤༽རྡོ་གྲུབ་ཆེན་བསྟན་པའི་ཉི་མའི༼འཆི་ཁ་མའི་མན་ངག༽
༡༥༽མི་ཉག་རྡོ་རྗེ་ཚེ་སྲུང་གི༼བར་དོ་ཐོས་གྲོལ་ཆེན་མོ་ངོ་སྤྲོད་མདོར་བསྡུས།༽
༡༦༽མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་༼སྐྱེ་བ་སྔ་ཕྱིའི་རྣམ་བཞག༽
༡༧༽ དགེ་བཤེས་སྐལ་བཟང་རྒྱ་མཚོའི་གསུང་རྩོམ༼དེང་རབས་ཀྱི་ནང་ཆོས་བྱང་སེམས་དང་ཤེས་རབ་ཀྱི་ལམ་སྟོན།༽    
   




     
   
   
   
         

No comments:

Post a Comment